ཟླ7པའི་ཚེས10ཉིན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་པའི་སྐྱེ་ཁམས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞེས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་བསྡུས་ཏེ། མཚོ་བྱང་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་བཏང་བའི་གྲུབ་འབྲས་དང་དེ་བཞིན་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་འཆར་གཞི་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། མཚོ་བྱང་ཁུལ་གྱིས་མདོ་དབུས་མཐོ་སྒང་ཤར་བྱང་གི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལེགས་པོ་འཁུར་བ་དང་། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོན་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་མ་ཟད། རྒྱུན་མཐུད་ངང“རི་གཉིས”ཀྱི་ཚུལ་སྒྱུར་ཐབས་ལམ་རྒྱ་བསྐྱེད་ལ། སྐྱེ་ཁམས་ཐོན་ཁུངས་དགེ་མཚན་སྔོག་འདོན་ཟབ་མོ་བྱས་ཤིང་། ཐོན་ལས་ཚུལ་སྒྱུར་གྱི་འཕེལ་རྒྱས་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ་མཚོ་བྱང་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་སྟོན་གྲངས་དེ་ལོ་མང་པོར་བརྒྱད་ཅུའི་ཡན་ལ་གཏན་འཇགས་ཡོང་བར་བྱས་ནས། མཚོ་བྱང་གི་དོན་དངོས་དང་མཐུན་ཞིང་སྐྱེ་ཁམས་ཁག་ཁུར་མངོན་པར་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་ཁྱབ་བསྒྲགས་ལག་བསྟར་བྱས་ཏེ་ཆུ་དཔོན་མཚོ་དཔོན་དང་ནགས་དཔོན་རྩྭ་དཔོན་སོགས་ཀྱི་ཡུན་ཕན་རྐྱེན་སྲོལ་བཅོ་ལྔ་གྲུབ་པར་བྱས། སྤུས་ཚད་མཐོ་བའི་སྒོ་ནས་མདོ་ལ་རི་བོ་དང་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་སྤྱི་གླིང་གསར་འཛུགས་བྱས་ནས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ཐད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། སྤྱི་ཆིངས་འབུམ་གཅིག་དང་ཁྲི་གཉིས་སྟོང་གསུམ་གྱི་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་ཡོངས་འགྲུབ་བྱས་ནས་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་བདུན་གཅིག་ལ་སླེབས། མཁའ་དབུགས་ཀྱི་སྤུས་ཚད་བཟང་བའི་གནམ་གཤིས་ཀྱི་བསྡུར་ཚད་བརྒྱ་ཆའི་གོ་བརྒྱད་དང་གྲངས་ཆུང་གཉིས་ལ་ཇེ་མཐོར་སོང་བ་དང་། ཆུ་བོ་ཆེན་པོ་གསུམ་གྱི་ས་མཚམས་བརྒལ་བའི་བཅད་ངོས་ཀྱི་ཆུ་སྤུས་རིམ་པ་གཉིས་པ་དང་དེའི་ཡན་ལ་སྲུང་འཛིན་བྱས་ཏེ་གནམ་སྔོ་བ་དང་ས་གཙང་བ། ཆུ་དྭངས་པ་བཅས་མཚོ་བྱང་གི་ཆེས་ལེགས་པའི་མིང་བྱང་དུ་གྱུར། དགུ་ཅན་གཅིག་གི་ཞིང་ཕྱུགས་ལས་ཀྱི་སྒྲིག་ཆས་ཆ་ཚང་བའི་བཟོ་སྐྲུན་ལ་ཞིང་ཆེན་རིམ་པའི་བཅོས་སྒྱུར་གསར་གཏོད་ཀྱི་བྱ་དགའ་ཐོབ་པ་དང་། རྩྭ་ཐང་སྤྱི་ཆིངས་ས་ཡ་གཉིས་དང་འབུམ་གཉིས་སྟོང་ལྔ་དང་རྨོ་ཞིང་སྤྱི་ཆིངས་ས་ཡ་དགུ་དང་འབུམ་བཞི་ཁྲི་དྲུག་ལྷག ནོར་གནག་དང་བོད་ལུག་ས་ཡ་གཉིས་དང་འབུམ་གཉིས་ཁྲི་གསུམ་བཅས་ལ་ལྷད་མེད་སྐྱེ་ལྡན་གྱི་ཁས་ལེན་ཐོབ་ནས་མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོའི་ཟོང་རྟགས་རིན་ཐང་རྒྱུན་མཐུད་ངང་ཆེ་རུ་ཕྱིན།
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་རྩོམ་ས་གསར་པར་ལངས་ཏེ། མཚོ་བྱང་ཁུལ་གྱིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ཐད་འཕེལ་རྒྱས་ལེགས་པོ་འབྱུང་བར་སྐུལ་འདེད་བཏང་ནས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མཐའ་ཚམས་དང་བྱེད་ནུས་དབྱེ་འབྱེད་ཁུལ་ལེགས་སྒྲིག་བྱེད་རྒྱུ་རེད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་འགོག་ར་ཁུལ་དང་བྱང་གསུམ་བཟོ་སྐྲུན་ལ་སྐུལ་འདེད་བཏང་ནས་བརྒྱད་གཅིག་འཁྱགས་རོམ་སོགས་འཁྱགས་རོམ་དང་འཁྱགས་སའི་ལྟ་ཞིབ་ཚད་ལེན་སྲུང་སྐྱོབ་བྱ་བར་ཤུགས་བསྣན་ནས་རྒྱལ་ཁོངས་ལྗང་སྒྱུར་དང་བརླན་ས་སླར་གསོ་ལས་དོན་སྤེལ་རྒྱུ་ཡིན་པ་དང་། གསའ་སོགས་ཀྱི་སྲུང་སྐྱོབ་ལ་ཤུགས་བསྣན་ནས་རྨ་ཆུའི་བཞུར་རྒྱུད་དུ་ཉ་འཛིན་མི་ཆོག་པ་དང་མཚོ་སྔོན་པོའི་མཚོ་བཀག་ཉ་གསོ་ལག་བསྟར་བྱེད་རྒྱུ་རེད། བོད་ལུག་གི་ཁྱད་ཆོས་ལྡན་པའི་ས་ཁུལ་དང་ནོར་གནག་ཐོན་ལས་ཁྱུ་ཚོགས་བསྐྲུན་ནས་བྱང་ཕྱོགས་ཀྱི་སོན་བཟང་གསོ་སྤེལ་གྱི་མཐོ་ས་དང་འབྲུ་མཛོད་སྣུམ་མཛོད་བསྐྲུན་རྒྱུ་རེད། རླུང་དང་འོད། ཆུ་སོགས་གསོག་འཇོག་གི་ནུས་ཁུངས་མ་ལག་བསྐྲུན་པ་དང་ལྗང་མདོག་གློག་ཤུགས་གཅིག་འདུས་ཀྱི་ལྗང་མདོག་རྩིས་གློག་འཕེལ་རྒྱས་བཏང་ནས་དག་གཙང་ནུས་ཁུངས་དང་རྩིས་གློག་མཐུན་སྦྱོར་མངོན་འགྱུར་བྱེད་རྒྱུ་རེད།
ཀྲུང་གོའི་རྡུལ་ཕྲན་མཁར་གྱི་གསར་བརྗེའི་སྤུས་རྟགས་སྟོབས་ཆེར་གཏོང་བ་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་འཕེལ་རྒྱས་བཏང་ནས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཞིབ་འཇུག་སློབ་སྦྱོང་བྱེད་པའི་གནས་མཆོག་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། ལྟེ་བའི་གྲོང་ཁུལ་སྣེ་ཁྲིད་དུ་བྱེད་པ་དང་གྲོང་རྡལ་གཙོ་བོ་འདེགས་སྐྱོར་དུ་བྱེད་པ། གྲོང་རྡལ་ཆུང་བ་ཁ་གསབ་བྱེད་པ། སྒྲིག་ཆས་གྲོང་གསེབ་ཏུ་བཀོད་སྒྲིག་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་མ་ལག་བསྐྲུན་ནས་བདེ་བརྟན་མདའ་བཞི་དང་གསེར་མདོག་གི་མིན་ཡོན། མདོ་ལ་ལྷ་ཡི་ཞིང་ཁམས། བོད་མཁར་རྐང་ཚ་སོགས་མཁར་གྲོང་འཛུགས་སྐྲུན་བྱེད་རྒྱུ་རེད། ཐཱན་འབུད་གཏོང་དབང་ཆ་དང་ཆུ་དབང་ཉོ་འཚོང་འཐུས་ཚང་དུ་བཏང་ནས་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁ་གསབ་དོན་འཁྱོལ་བྱེད་པ་དང་། རྩྭ་ཐང་གི་སྐྱེ་ཁམས་བྱ་དགའི་ཁ་གསབ་དོན་འཁྱོལ་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོས་པའི་ཁ་གསབ་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་དང་། མཁར་གྲོང་གི་ཕན་ནུས་ཆུང་བའི་ས་ཞིང་ཡང་བསྐྱར་གསར་སྤེལ་བྱེད་པར་སྐུལ་འདེད་བཏང་ནས་གཏེར་ཐོན་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱུ་རེད། ལྗང་མདོག་ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར་དང་དག་གཙང་ཐོན་སྐྱེད་ལ་སྐུལ་འདེད་བཏང་ནས་ལྗང་མདོག་བཟོ་གྲྭ་དང་གླིང་ཁུལ་འཛུགས་སྐྲུན་བྱེད་རྒྱུ་རེད།