ཟླ7པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས“མིན་པ་བཞི་དང་ཐད་ཀར་གཉིས”ཀྱི་རྣམ་པའི་ཐོག་ནས་ཟི་ལིང་གྲོང་ཁྱེར་དུ། མེ་ཟོན་བདེ་འཇགས་དང་འབྲུབ་འགོག་གནོད་འཚེ་ཉུང་གཏོང་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། མ་མཐའི་བསམ་བློ་དང་མཐར་ཐུག་གི་བསམ་བློ་བརྟན་པོ་འཛུགས་པ། ཉེ་དུས་ཀྱི་ལས་འཛོལ་གྱི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱེད་པ། སྣང་ཆུང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་གསོད་བྱེད་པ། དོགས་ཟོན་དང་ཁ་གཏད་གཅོག་པའི་བྱེད་ཐབས་ཁག་མཐའ་གཅིག་ཏུ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།
ལུའོ་ཏུང་ཁྲོན་སྔ་རྗེས་སུ་པེ་ཧྲན་ཨར་ལས་རྒྱུ་ཆའི་ཁྲོམ་ར་དང་ཟི་ལིང་གྲོང་ཁྱེར་གྱི་ཚོང་ཟོག་ཆུང་གྲས་སྡེབ་ཚོང་ཁྲོམ་ར། ཀྲན་ཏུང་མེ་ཟོན་རོགས་སྐྱོབ་ས་ཚིགས་བཅས་སུ་བསྐྱོད་དེ། ཚོང་ཁང་དང་མེ་ཟོན་ཚོད་འཛིན་ཁང་། ཁ་འགྲེམས་འགྲོ་ལམ་བཅས་ལ་སྐབས་བསྟུན་སྒོས་དངོས་བཅར་བྱས་ཏེ། མེ་ཟོན་སྒྲིག་ཆས་བཀོད་སྒྲིག་དང་ཁ་འགྲེམས་འགྲོ་ལམ་ཤར་གཏོང་། མེ་གློག་དོ་དམ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས། ཡུལ་དངོས་ནས་ཞིབ་བཤེར་བྱས་ཏེ་ཤེས་པའི། བགྲོད་ལམ་བཙན་བཟུང་བྱས་ནས་ཚོང་གཉེར་བྱེད་པ་དང་མེ་ཟོན་གྱི་མཛུབ་སྟོན་མཚོན་རྟགས་གསལ་པོ་མེད་པ། འབར་སླ་བའི་དངོས་ཟོག་གང་འདོད་དུ་སྤུངས་པ། གློག་ཤུགས་ལམ་ཐིག་ཟང་ཟིང་དུ་གྱུར་པ། གློག་སྒུལ་རླངས་འཁོར་མང་པོ་གང་བྱུང་དུ་སྤུངས་པ་དང་འདུག་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ལུའོ་ཏུང་ཁྲོན་གྱིས་ཁྲོམ་རའི་གཉེར་སྐྱོང་དོ་དམ་པ་དང་ལྟ་སྐུལ་དོ་དམ་སྡེ་ཁག་ལ་འཕྲལ་མར་དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ། བདེ་འཇགས་ཀྱི་འགལ་རྐྱེན་ཅི་རིགས་ལ་དོ་སྣང་ཆེན་པོ་བྱེད་པ་དང་དམ་འཛིན་མཐའ་འཁྱོལ་བྱས་ཏེ། དག་ཐེར་ལས་དོན་གྱིས་གཅིག་ཀྱང་མི་བསྐྱུར་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། ཁོས་བསྟན་དོན། ཚོང་དོན་ཁྲོམ་ར་དང་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས་ལ་མི་སྣ་མང་པོ་འདུས་ཡོད་པ་དང་། ཚོང་པ་མང་པོ་གཅིག་སྡུད་བྱས་ཡོད་པ། འབར་ཐུབ་པའི་དངོས་པོའི་གསོག་འབོར་ཆེ་བ་བཅས་ཀྱི་དབང་གིས། མེ་ཟོན་བདེ་འཇགས་ཐད་ནོར་འཁྲུལ་སྤུ་ཙམ་ཡང་ཤོར་མི་རུང་། གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་དང་ལྷུ་ཚིགས་ཞན་སར་དམ་པོར་དམིགས་པ། ཚད་ལྡན་དོ་དམ་ལ་ཤུགས་སྣོན་པ། མི་དང་དངོས་པོ། ལག་རྩལ་བཅས་གཞི་གཅིག་ཅན་གྱི་སྔོན་འགོག་བྱེད་ཐབས་ལ་མཐོང་ཆེན་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་དྲིལ་སྒྲོག་ཉེན་གཏོང་དང་དངོས་འཐབ་ནང་སྦྱོང་བྱས་ནས། ཚོང་པ་དང་འཛད་སྤྱོད་པ་མེ་ཟོན་བདེ་འཇགས་ལས་དོན་ནང་འབད་པས་ཞུགས་རྒྱུར་སྐུལ་སློང་བྱས་ཏེ། མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་འཕྲལ་བསྟུན་ཐག་གཅོད་ནུས་པ་མངོན་སུམ་ཆེ་རུ་བཏང་ནས། ཉེན་ཁའི་གནས་ཚུལ་ཐོན་ཚེ། མགྱོགས་མྱུར་དང་ལེན་དང་ཕན་འབྲས་ཆེ་བའི་སྒོ་ནས་ཐག་གཅོད་ཐུབ་པར་འགན་ལེན་བྱས་ཏེ། ཁྱོན་ཡོངས་ནས་མེ་ཟོན་བདེ་འཇགས་ཀྱི་འཛིང་རགས་བརྟན་པོར་སྲུང་དགོས།
ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཧྲང་ཤིན་ཀྲོང་གྲོང་རྡལ་ནི་རང་རེའི་ཞིང་ཆེན་གྱི་ས་གཤིས་གནོད་འཚེ་འབྱུང་སླ་བའི་ཁུལ་དང་གཙོ་གནད་འགོག་སྲུང་ས་ཁུལ་ཡིན། ལུའོ་ཏུང་ཁྲོན་གྲོང་རྡལ་སྲིད་གཞུང་ལས་ཁུངས་སུ་སོང་ནས། ཆུ་རྒྱས་པའི་དུས་སྐབས་ཀྱི་ལས་རེས་ལ་འཕྲལ་རྒོལ་ཞིབ་བཤེར་བྱས་ཏེ། གྲོང་རྡལ་དང་སྡེ་བའི་ལས་བྱེད་པས་ཁྱིམ་ཚང་དང་མིར་འགན་གཙང་ལེན་གྱི་འགན་འཁྲི་དོན་འཁྱོལ་དང་། འབྲུབ་འགོག་གི་སྔོན་ཇུས་ལག་བསྟར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་མིག་སྔར་ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་གྱི“ཚོད་བགམ་ཆེན་པོའི”དུས་སུ་སླེབས་ཡོད་པས། སྣང་ཆུང་གཏན་ནས་བྱེད་མི་རུང་བར། ཞིང་ཆེན་ཡོངས་ཀྱི“1235”འབྲུབ་འགོག་བཀོད་འདོམས་ལམ་སྲོལ་དང་འབྲུབ་འགོག་ཉེན་གཡོལ་གྱི“ལྔ་ལྔའི”ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་བརྒྱུད་སྤྲོད་ཐབས་ལམ་ཤར་གཏོང་དང་འགན་འཁྲི་གཞི་རིམ་གྱི་ལས་ཀའི་ཚན་པ་ཆུང་ཤོས་སུ་དོན་འཁྱོལ་བྱས་ནས། གཡུལ་ཞུགས་རྣམ་པའི་ཐོག་ནས་འབྲུབ་འགོག་གནོད་འཚེ་ཉུང་གཏོང་གི་ལས་དོན་སོ་སོའི་ནང་ཞུགས་ཏེ། མང་ཚོགས་འབྲུབ་འགོག་སྐབས་བདེ་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། དེ་རྗེས་ལུའོ་ཏུང་ཁྲོན་ཧྲང་ཤིན་ཀྲོང་གྲོང་རྡལ་པན་ལུང་སྡེ་བར་སོང་ནས། ཆུ་རྒྱས་པའི་སྐབས་སུ། “གཉིད་ལས་བསླངས་པ”དང“ཁ་གཏད་འཇལ་བའི”ལམ་སྲོལ་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ས་གཤིས་གནོད་འཚེ་ཡི་འགལ་རྐྱེན་མང་སའི་ས་ཁུལ་གྱི་ཁང་པའི་ཁྱབ་ཚུལ་དང་ཉེན་གཡོལ་གནས་སྤོའི་འཕེལ་རིམ་ལ་ཡུལ་དངོས་སུ་ཞིབ་ལྟ་བྱས་པ་དང་། གཅིག་སྡུད་བཀོད་སྒྲིག་ཁུལ་གྱི་སྡེ་མིའི་བཟའ་བཏུང་འགྲོ་སྡོད་ལ་དོ་ཁུར་དང་འདྲི་རྩད་བྱས་པར་མ་ཟད། གྲོང་རྡལ་དང་སྡེ་བའི་ལས་བྱེད་པས་ཞབས་ཞུ་འགན་ལེན་ཞིབ་ཚགས་དང་འོས་འཚམ་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་མཉམ་འདོན་གྱིས་འབྲུབ་འགོག་གེགས་སེལ་གྱི་དམག་འཐབ་ཡག་པོ་རྒྱག་དགོས་པར་རེ་སྐུལ་བྱས།