ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོའི་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཝང་ཨན་ནན་སོགས་དང་བཞུགས་མོལ་བྱས་པར་མ་ཟད། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱིས་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་སྒྲོམ་གཞིའི་གྲོས་མཐུན་བཀོད་པར་མཉམ་དུ་བདེན་དཔང་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཝང་ཨན་ནན་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཀྲུང་གོའི་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱིས་དུས་ཡུན་རིང་བོར་མཐོ་སྒང་ལ་རྐང་བཙུགས་ཤིང་མཚོ་སྔོན་ལ་ཞབས་འདེགས་ཞུས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། ཕྱོགས་གཉིས་ཀྱི་མཉམ་ལས་དེ་འགོ་ཚུགས་པ་ནས་གནད་སྨིན་འཐུས་ཚང་དུ་ཕྱིན་ནས་གྲུབ་འབྲས་མང་པོ་བླངས་པར་མ་ཟད། འཕེལ་རྒྱས་མཉམ་རྒྱལ་གྱི་ལམ་བུའང་ཇེ་ཡངས་ནས་ཇེ་ཡངས་སུ་སོང་། ཕྱོགས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་བཅོས་སྐྱོང་ཐད་ཀྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྐོར་གསར་པའི་གྲོས་མཐུན་བཞག་པ་དེ་གོ་སྐབས་སུ་བྱས་ནས་རང་རང་གི་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་པ། ཆུ་དྲ་འཛུགས་སྐྲུན་དང་ཆུ་ནུས་གསར་སྤེལ། སྐྱེ་ཁམས་རིན་ཐང་ཚུལ་སྒྱུར་སོགས་ཁྱབ་ཁོངས་ལ་དམིགས་ནས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། ཀྲུང་དབྱང་དང་ས་གནས་མཉམ་ལས་ཀྱི་རྣམ་པ་གསར་པ་རྒྱུན་མཐུད་ངང་བཏོད་པ་བཅས་བྱས་ཏེ་ཀྲུང་ཧྭའི་ཆུ་གཏེར་ལ་མཉམ་དུ་སྲུང་སྐྱོང་ལེགས་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།
ཝང་ཨན་ནན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བཀའ་དྲིན་ཞུས། ཁོས་ཀྲུང་གོའི་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱིས་མུ་མཐུད་དུ་ཆུ་འདྲེན་དང་ཆུ་འདོན་ལས་རིགས་ཀྱིས་ཁེ་ལས་རྩེ་གྲ་དང་རྒྱལ་ཁབ་ཆུ་དྲ་འཛུགས་སྐྲུན་གྱི་སྣེ་ཁྲིད་ཁེ་ལས། ཆུའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་རྐང་འཛིན་ཁེ་ལས་བཅས་ཀྱི་འཐབ་ཇུས་ངེས་གནས་ལ་རྐང་བཙུགས་ཏེ། ཁྲིམས་མཐུན་ལུགས་མཐུན་དང་བཅོས་སྒྱུར་གསར་གཏོད། རིན་ཐང་གསར་སྐྲུན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་འདུ་ཤེས་ལྟར་ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཆུའི་ཐོན་ཁུངས་ཀྱི་འདེགས་སྐྱོར་དང་ཆུའི་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་ངེས་ཡིན་ཞེས་བསྟན།
ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཁྲའོ་དང་ཀྲུང་གོའི་ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱི་སྤྱི་གཉེར་པ་གཞོན་པ་ཝུའུ་ཞན་ཧྥེང་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་གྲོས་མཐུན་བཀོད།