ཀྲུང་དབྱང་རིམ་པས་ཕྱི་ཚུལ་རིང་ལུགས་དག་ཐེར་གྱིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་རྐྱེན་སྲོལ་ཚོགས་འདུ་པེ་ཅིང་དུ་འཚོགས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཀྲུང་དབྱང་རིམ་པས་ཕྱི་ཚུལ་རིང་ལུགས་དག་ཐེར་གྱིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་རྐྱེན་སྲོལ་ཚོགས་འདུ་ཟླ7པའི་ཚེས10ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་པ། ཕྱི་ཚུལ་རིང་ལུགས་དག་ཐེར་གྱིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ་དེ་དུས་རབས་གསར་པ་དང་འཐབ་ལམ་གསར་པར་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པར་ཟུང་འབྲེལ་བྱེད་པ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བར་ཟུང་འབྲེལ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དག་ཐེར་གྱིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁུར་པོ་ཇེ་ཡང་དུ་གཏོང་བའི་གྲུབ་འབྲས་དེ་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན།  དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།  ཕྱི་ཚུལ་རིང་ལུགས་དག་ཐེར་གྱིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ཞིག་ལག་བསྟར་ནན་མོ་བྱས་ཏེ། དུས་ཐོག་ཏུ་གནས་ཚུལ་མི་ལེགས་པ་ཤེས་རྟོགས་དང་ཡོ་བསྲང་བྱེད་པ་དང་།   འབུར་ཐོན་གནད་དོན་ལ་དམ་པོར་དམིགས་ཏེ་དག་ཐེར་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། འཕྲལ་ཕན་འཕྲལ་གཉེར་དང་རྨོངས་ཚོད་ཀྱིས་ཇུས་ཐག་གཅོད་པའི་གནད་དོན་ཡོ་བསྲང་དང་དག་ཐེར་གཏིང་ཟབ་བྱས་ཏེ། དཔོན་གསར་གྱིས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པའི་འབུར་ཐོན་གནད་དོན་གཅིག་བསྡུས་ཀྱིས་དག་ཐེར་བྱེད་དགོས། གཞི་རིམ་དུ་བསམ་འཆར་ཆེ་བའི་དཀའ་གནད་རྒྱུན་མཐུད་ངང་ཐག་གཅོད་བྱེད་དགོས་པ་དང་། ཞང་དང་གྲོང་རྡལ(ཁྲོམ་གཞུང)གི་འགན་སྒྲུབ་དོན་ཚན་གྱི་གསལ་ཐོ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་།  སྡེ་བའི(སྡེ་ཁུལ)བྱ་བའི་དོན་ཚན་གྱི་ཆོག་འཐུས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ལྟ་ཞིབ་དང་ཞིབ་བཤེར། དཔྱད་ཞིབ་བཅས་ཀྱི་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་ཤུགས་སྣོན་དང་། ལྟ་ཞིབ་དང་ཞིབ་བཤེར་བྱེད་སྟངས་དང་བྱེད་ཐབས་ཇེ་ལེགས་སུ་གཏོང་དགོས། ཡིག་ཆ་བཀྲམ་ནས་ཚོགས་འདུ་འཚོག་པ་དང་། དུས་ཆེན་འགྲེམ་ཚོགས་གླེང་སྟེགས་ཀྱི་བྱེད་སྒོའི་འབྱུང་རྩའི་དོ་དམ་ཚོད་འཛིན་དང་རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་བཅས་ལེགས་པོར་སྒྲུབ་སྟེ། དུས་ཆེན་འགྲེམ་ཚོགས་ཀྱི་གླེང་སྟེགས་བྱེད་སྒོའི་ཟང་ཟིང་ཆེ་བའི་སྣང་ཚུལ་རྒྱུན་མཐུད་ངང་དག་ཐེར་བྱ་དགོས། 

ཚོགས་འདུ་ལས་ནན་གྱིས་བསྟན་དོན།  ཕྱི་ཚུལ་རིང་ལུགས་དག་ཐེར་གྱིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་ལ། སྐབས་བརྗེས་རྗེས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པའི་སྲིད་འབྲས་ལྟ་བའི་སློབ་གསོར་ཤུགས་སྣོན་དགོས།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་གོང་གིས་འོག་ལ་སྣེ་ཁྲིད་དང་། མཐུན་སྦྱོར་མཉམ་འགུལ་གྱིས་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུས་སྲིད་ཇུས་གསལ་འགྲེལ་དང་ལས་སྒོར་མཛུབ་ཁྲིད། ལྟ་སྐུལ་ཞིབ་བཤེར་བཅས་ལ་ཤུགས་བསྣན་ནས། གཞི་རིམ་དུ་བསམ་འཆར་ཆེན་པོ་ཡོད་པའི་འབུར་ཐོན་གནད་དོན་འཕྲལ་དུ་ཐག་གཅོད་དང་འཕྲལ་མར་དག་ཐེར་བྱེད་པ་དང་། ཞིབ་བཤེར་ནན་མོ་དང་དག་ཐེར་ནན་མོ་བྱེད་དགོས། རིམ་པ་སོ་སོའི་ཆེད་དོན་བྱ་བའི་རྐྱེན་སྲོལ་གྱིས་ལམ་ལུགས་ལག་བསྟར་ལ་ཤུགས་བསྣན་ཏེ།  དཔེ་མཚོན་གནད་དོན་ལ་ཞིབ་བཤེར་དང་བརྡ་ཁྱབ་གཏོང་བ་དམ་འཛིན་ལེགས་པོ་བྱེད་པ་དང་།  རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་རྐང་བཙུགས་ནས་དག་ཐེར་བྱ་བར་སྐུལ་འདེད་གཏོང་དགོས།

ཆེད་དོན་བྱ་བའི་རྐྱེན་སྲོལ་གྱི་ཁོངས་ཞུགས་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྟོང་སྡེ་ཆེན་མོའི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་བཞུགས། ཚོགས་འདུ་བརྙན་འཕྲིན་ཁ་པར་གྱི་ལམ་ནས་འཚོགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།