རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་ལྔ་པ་མགོ་བརྩམས།ཝུའུ་ཞའོ་ཅུན་གྱིས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། ལུའོ་ཏུན་ཁྲོན་དང་ལི་ཅིན་གྱིས་ཤིས་ཚིག་ཕུལ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ7ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི2026རབ་མཛེས་མཚོ་སྔོན་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་ལྔ་པ་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་མགོ་བརྩམས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་འགྲན་སྡུར་མགོ་བརྩམས་པ་ཁྱབ་བསྒྲགས་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའུ་ཁོངས་མི། ཅུས་ཀྲང་གཞོན་པ་ལི་ཅིན་གྱིས་ཤིས་ཚིག་ཕུལ་ཞིང་། རྒྱལ་སྤྱིའི་ལྕགས་རྟ་མནའ་འབྲེལ་གྱི་ཀྲུའུ་ཞི་ཏ་ཝེ་·ལ་ཕ་ཏི་ཨན་གྱིས་བརྙན་ལམ་ནས་ཤིས་ཚིག་ཕུལ། ཞིང་ཆེན་གྱི་འགོ་ཁྲིད་ལིག་ཆི་ཧྥན་མཛད་སྒོར་ཞུགས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་སྐུ་མགྲོན་རྣམ་པ་དང་། ལུས་རྩལ་པ། རྩལ་ཁྲིད་པ། ཤན་འབྱེད་པ། སྨྱན་སྦྱོར་ལས་རིགས་ཀྱི་གྲོགས་པོ་བཅས་ལ་དགའ་བསུ་ཞུས་ཤིང་། དུས་ཡུན་རིང་པོའི་ནང་མཚོ་སྔོན་སྐོར་སྐྱོད་འགྲན་སྡུར་ལ་ཐུགས་ཁུར་དང་། མཚོ་སྔོན་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བའི་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་རྣམས་ལ་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་སྐོར་སྐྱོད་འགྲན་སྡུར་གཉེར་ནས་ལོ་ཉེར་ལྔའི་རིང་། བརྗེ་རེས་མཉམ་སྦྱོང་དང་མཉམ་ལས་གཉིས་ཕན་གྱི་ལམ་བུ་ཞིག་བཏོད་པ་དང་། མཐོ་སྒང་དུ་གཞི་ཚུགས་པ་དང་འཛམ་གླིང་ལ་བསུ་མ་བྱེད་པའི་སྒོ་དབྱེའི་ལམ་བུ་ཞིག་དང་། ལུས་རྩལ་ལ་ནུས་པ་སྦྱིན་པ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་པས། མཚོ་སྔོན་འཛམ་གླིང་དུ་སྐྱོད་པའི་སྐར་ཁུང་གལ་ཆེན་དང་། དམངས་འཚོ་ཇེ་ལེགས་སུ་གཏོང་བ། མི་རིགས་ཁག་གི་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཐེངས་འདིའི་སྐོར་སྐྱོད་འགྲན་སྡུར་ནང་རྒྱལ་ཁབ12ནས་ཡོང་བའི་ཆུ་ཚད་མཐོ་བའི་ལྕགས་རྟའི་རུ་ཁག22དང་། ཕུལ་བྱུང་ལྕགས་ཞོན་མཁན154ཡིས་མ་འོངས་པའི་ཉིན8ནང་། ཆ་སྙོམས་མཚོ་འཕགས་མཐོ་ཚད་རྨིད3000ལས་བརྒལ་བ་དང་། བགྲོད་ལམ་སྤྱི་ལེ1627ཡོད་པའི་"་མཐོ་སྒང་འགྲན་ལམ་"་ཐོག་འགྲན་རྩོད་དྲག་པོ་བྱས་ཏེ། ལུས་རྩལ་པ་ཡོངས་ཀྱིས་ཆུ་ཚད་དང་གཟི་མདངས་འགྲན་ཐུབ་པའི་རེ་སྒུག་བྱེད་པ་དང་། གོ་ལ་ཧྲིལ་པོའི་ལྟད་མོ་བ་ཚང་མར་མཚོ་བོད་མཐོ་སྒང་གི་ལྕགས་རྟའི་ལུས་རྩལ་གྱི་རྩལ་འགྲན་འགུག་ཤུགས་དང་མྱུར་ཚད་ཀྱི་སྤྲོ་སེམས་མཉམ་སྤྱོད་ཐུབ་པར་བྱས་ཏེ། གནམ་སྔོ་ས་ལྗང་ཆུ་དྭངས་ཀྱི་རབ་མཛེས་མཚོ་སྔོན་གྱི་མཛེས་པ་དང་། ས་གཞི་དྲོན་མོ་འདིར་གནས་པའི་འཕེལ་རྒྱས་ཀྱི་སྦས་ཤུགས་དང་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས། སྣ་མང་གཞི་གཅིག་དང་མཉམ་འདྲེས་མཉམ་གནས་ཀྱི་རིག་གནས་མཛེས་སྡུག་ལ་མྱོང་ཚོར་བྱས་ཏེ། མི་རིགས་ཁག་གིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྐྲུན་བྱེད་པའི་དུས་རབས་ཀྱི་ལེའུ་གསར་བ་མཉམ་དུ་འབྲི་དགོས།

ལི་ཅིན་གྱིས་ལོ་ཉེར་ལྔའི་ཆར་རླུང་ཁྲོད། མཚོ་སྔོན་སྐོར་སྐྱོད་འགྲན་སྡུར་དེ་མཐོ་སྒང་དུ་གཞི་ཚུགས་ཤིང་སྦྱོང་བརྡར་ཁྲོད་འཚར་ལོངས་བྱུང་ནས། ས་ཁོངས་རང་བཞིན་གྱི་འགྲན་སྡུར་ནས་རིམ་བཞིན་གོ་ལ་ཧྲིལ་པོར་སྐད་གྲགས་ཆོད་པའི་མཚོ་འཕགས་མཐོ་བའི་གཞུང་ལམ་ལྕགས་རྟའི་ཚད་ཤིང་འགྲན་བསྡུར་དུ་འཕེལ་རྒྱས་ཕྱིན་ཏེ། རྒྱལ་སྤྱིའི་ཆུ་ཚད་དང་ཀྲུང་གོའི་ཁྱད་ཆོས། མཐོ་སྒང་ཁྱད་ལྡན་གྱི་སྤུས་རྟགས་འཕེལ་རྒྱས་ལམ་བུར་ཕྱིན་ཞིང་། འདི་ནི་རང་རྒྱལ་གྱི་གཞུང་ལམ་ལྕགས་རྟ་ལུས་རྩལ་དེ། འཛམ་གླིང་དུ་སྦྲེལ་བའི་སྒེའུ་ཁུང་གལ་ཆེན་ཡིན་ལ། ལུས་རྩལ་གྱིས་མཐོ་སྒང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་དཔེ་མཚོན་ཞིག་ཀྱང་རེད། མཚོ་སྔོན་སྐོར་སྐྱོད་འགྲན་སྡུར་གྱིས་སྔ་འཛིན་ཕྱི་གཏོད་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ཏེ་མཚོ་སྔོན་གྱི་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་དེ་བས་ལེགས་པའི་སྒོ་ནས་སྐུལ་ཁྲིད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་ལུས་རྩལ་གྱི་སྟོབས་ཤུགས་སྔར་ལས་མང་པོ་ལེགས་སྐྱེས་སུ་འབུལ་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཟེར།

ཏ་ཝེ་ལ་ཕ་ཏི་ཨན་གྱིས་རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་ནི། རྒྱལ་སྤྱིའི་རང་སྐྱོང་མནའ་འབྲེལ་ལས་རིགས་འགྲན་བསྡུར་གྱི་འགྲན་སྡུར་གལ་ཆེན་ཞིག་ཡིན། ཐེངས་འདིའི་འགྲན་སྡུར་ནང་སླར་ཡང་གོ་ལ་ཧྲིལ་པོའི་ལྕགས་རྟ་རུ་ཁག་རྩེ་གྲ་དང་ལྕགས་རྟ་ཞོན་མཁན་འདུ་འཛོམས་བྱས་ཏེ། མཚོ་སྔོན་གྱི་ས་ཁོངས་ཡོངས་དང་ཡུལ་ལྗོངས་ལྟ་ན་སྡུག་པར་བསྐྱོད་དེ། འགྲན་སློང་གིས་ཁེངས་པའི་འགྲན་རྩོད་ཅིག་བྱ་རྒྱུ་ཡིན་པ་རེད།2026སྐབས་ཉེར་ལྔ་པའི་རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་ཕུན་སུམ་ཚོགས་པོའི་ངང་བསྒྲུབ་པ་དང་། དེའི་ནང་ཞུགས་མཁན་ཚང་མར་བདེ་བླག་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།

མགོ་བརྩམས་མཛད་སྒོའི་ཐོག་རྒྱལ་ཁབ12ཀྱི་ལྕགས་རྟ་རུ་ཁག22ནས་ཡོང་བའི་ལྕགས་རྟན་ཞོན་མཁན་གྱི་འཐུས་མིས་ལྕགས་རྟ་བཞོན་ནས་གར་སྟེགས་ཐོག་ཞུགས། ལུས་རྩལ་པ་དང་ཤན་འབྱེད་པའི་འཐུས་མིས་སྔ་རྗེས་སུ་དམ་བཅའ་བཞག་པ་དང་མཐུད་ནས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།

ཞིང་ཆེན་གྱི་མགོ་ཁྲིད་དབྱང་ཧྥེང་ཁྲུན་དང་ཝང་ཝེ་ཏུང་། ཝང་ཏ་ནན། ཁྲིན་ཅི་ཝེ།རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀྲུང་གོའི་བཟོ་ཚོང་དངུལ་ཁང་། ཀྲུང་གོའི་ལྕགས་རྟ་ལུས་རྩལ་མཐུན་ཚོགས།ཀྲུང་གོའི་ལྗང་བསྒྱུར་ཐེབས་རྩ་ཚོགས་པ། ཀྲུང་གོའི་ཁོར་ཡུག་ཚན་རིག་སློབ་ཚོགས་སོགས་སྡེ་ཁག་དང་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་པ་མཛད་སྒོར་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།