ཟླ7པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། ཞོད་འགོག་རྒུད་སྐྱོབ་བྱ་བའི་ཐད་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ལ་འགོ་འཛིན་མཛད་པ་དང་། ཞོད་འགོག་ཐན་འགོག་བྱ་བར་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་ཅིག་ཏུ་ཉེ་དུས་བྱུང་བའི་གནོད་འཚེ་ཚབས་ཆེན་ལ་མཛུབ་སྟོན་གལ་ཆེན་གནང་བ་དེའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བ་རྒྱུན་འཁྱོངས་བྱེད་པའི་བརྩེ་སེམས་ཟབ་མོ་གང་ལེགས་སྒོས་མངོན་ཡོད། ཉེ་དུས། རང་ཞིང་གིས་གཞི་ཁྱོན་ཆེ་བའི་ཆར་བ་འབབ་པའི་བརྒྱུད་རིམ་ཞིག་བསུ་དགོས་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཚད་མཐའི་བསམ་གཞིགས་དང་མཐར་ཐུག་གི་བསམ་བློ་བརྟན་པོ་ཆགས་ཏེ། སྟེས་དབང་གི་བསམ་བློ་དང་རྣམ་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ་དང་། སྔ་མོ་ནས་འགོག་པ་དང་ཆུང་ས་ནས་བཀག་སྟེ། “དང་ལེན་གཉིས”ཀྱི་རྐྱེན་སྲོལ་དང “སྒོ་རྒྱག་པ་དང་མཚམས་འཇོག་པ། ཕྱིར་འཐེན་པ། སྐོར་ཞིབ”བཅས་ཀྱི་བྱེད་ཐབས་སྤྱད་དེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ནས། འགག་རྩའི་རིམ་པ་གཟབ་ནན་གྱིས་སྲུང་བ་དང་། ལས་རེས་དང་ལས་གནས་བརྟན་སྲུང་ལ་ཤུགས་བསྣན་ཏེ། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བ། འཕྲལ་བསྟུན་རོགས་སྐྱོབ་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ལ་ཤུགས་བསྣན་ནས། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་འཐབ་འཛིང་བཙན་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་རྒྱུར་དངོས་གནས་སྲུང་སྐྱོང་བྱེད་དགོས།
གྲོས་ཚོགས་ལས་ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་འཕེལ་རིམ་གནས་ཚུལ་ལ་ཉན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་རྒྱུན་མཐུད་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས། དག་ཐེར་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དམིགས་འབེན་ལ་ཕྱོགས་ནས“དཔོན་པོ་གསར་པས་རྩིས་ཐོ་རྙིང་བར་ཁ་ཡ་མི་བྱེད་པ”སོགས་འབུར་ཐོན་གནད་དོན་ལ་སྐུལ་འདེད་བཏང་སྟེ། “སྐོར་གཅིག་ཅན་དྲུག”དང་དམངས་ཕན་བྱ་སྤྱོད་སྣ་བདུན་གྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་དམ་འཛིན་ཏན་ཏིག་བྱས་ཏེ། ཡུན་ཕན་ལམ་ལུགས་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྲིད་འབྲས་ལྟ་བའི་ནོར་འཛོལ་གྱི་གནད་དོན་འབྱུང་རྩ་ནས་སྔོན་འགོག་བྱས་ཏེ། གསེད་བཀྲོལ་རྩིས་བཤེར་དང་ཆད་ལུས་ཞིབ་བཤེར་ཆད་གསབ་ཀྱི་བྱ་བ་བརྒྱུད་རིམ་ལྡན་པའི་ངང་སྤེལ་ནས། སློབ་སྦྱོང་སློབ་གསོར་གྲུབ་འབྲས་ཏན་ཏིག་འཐོབ་རྒྱུའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོནལྷན་ཁང་གི་སྒྲིག་བཤེར་ལྟ་ཞིབ་བྱ་བའི“ཅན་གསུམ”འཛུགས་སྐྲུན་ལོའི་བྱ་སྤྱོད་ཀྱིས་སླར་ཡང་ལོ་གཉིས་ཀྱི་བྱ་བ་གཅིག་སྡུད་དམ་འཛིན་བྱེད་པའི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་བྱ་བ་སྒྲུབ་ཚུལ་གྱི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས“ཅན་གསུམ”འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། འགག་རྩའི་ཁྱབ་ཁོངས་ཀྱི་ཐོད་བརྒལ་ལ་བརྟེན་ནས་སྒྲིག་བཤེར་ལྟ་ཞིབ་བྱ་བ་ཁྱོན་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱེད་དགོས། བྱེད་ཐབས་སྔར་ལས་ཏན་ཏིག་ལ་བརྟེན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་དམ་འཛིན་ཡག་པོ་བྱས་ཏེ། སྤྱོད་གཙང་དྲང་གཞག་གི་ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་ངང་བསྐྲུན་དགོས། སྡེ་བར་སྐོར་ཞིབ་བྱེད་པའི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། གཙོ་གནད་སྡེ་བར་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། ཧུར་ཐག་གིས་མང་ཚོགས་ལྟ་སྐུལ་ནང་ཞུགས་པའི་ཐབས་ལམ་རྒྱ་ཆེར་བཏང་སྟེ། ལྟ་སྐུལ་གྱི“མཇུག་མཐའི་སྤྱི་ལེ་གཅིག” ནུས་ལྡན་ངང་ཤར་གཏོང་ཐུབ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།