ཟླ7པའི་ཚེས9ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས(རྒྱས་འཛོམས)སློབ་སྦྱོང་ཚོགས་འདུ་བསྡུས་པ་དང་། རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལུའེ་ཀྲུང་མའེ་གདན་འདྲེན་ཞུས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱ་རྒྱུར་དམིགས་ནས་ཆེད་དོན་ཟུར་ཁྲིད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན། ཞིང་ཆེན་གྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།
ལུའེ་ཀྲུང་མའེ་ཡིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་ཁྲིམས་འཛུགས་འབྱུང་ཁུངས་དང་ལམ་ལུགས་ཇུས་འགོད། དེ་མིན་ལག་བསྟར་ཐབས་ལམ་ལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་མ་ཟད་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དང་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་སྦྲེལ་མཐུད་ལག་བསྟར་བྱ་རྒྱུར་གཙོ་གནད་དུ་བཟུང་ནས་འགྲེལ་བཤད་བྱས་པ་དང་། ཚང་མར་ཁྲིམས་སྐྱོང་གི་བསམ་ཕྱོགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ངོ་མཚར་ཆེ་བའི་ཟུར་ཁྲིད་སློབ་ཚན་ཞིག་འཚོགས།
ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱེད་སྐབས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ཁྲིམས་སྐྱོང་ལག་ལེན་ཞིག་ཡིན་པས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་ནམ་ཡང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་གལ་འགངས་ཆེ་ལ་དོན་སྙིང་གཏིང་ཟབ་ལྡན། མཚོ་སྔོན་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”ཡིན་པའི་ངོས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཆགས་སྟངས་ཁྲོད་ཀྱི་དམིགས་བསལ་གནས་བབ་དང་འགན་འཁྲི་གལ་ཆེན་གཏིང་ཟབ་པར་ཁོང་དུ་ཆུད་པ་བྱས་ཏེ། ཁྲིམས་གཞུང་བརྩི་སྲུང་དང་། ཚད་འཇལ་དང་ཕྱོགས་སྟོན་དུ་བྱས་ནས། ཆུ་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་སྣེ་ཁྲིད་དེ་སྐྱེ་ཁམས་ཁྲིམས་སྐྱོང་ལ་གོང་བཀུར་དང་། སྐྱེ་ཁམས་སྲུང་སྐྱོབ་ནང་ཞུགས་པ། མཐོ་སྒང་གི་དག་ཞིང་སྲུང་སྐྱོང་བཅས་བྱ་དགོས། ཁྲིམས་གཞུང་གི་དགོངས་དོན་ལ་བརྟེན་ནས་སྐྱེ་ཁམས་སྲིད་སྐྱོང་བྱས་རྗེས་ཀྱི་གནས་ཚད་ཇེ་བརྟན་དུ་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་གནད་ལ་འཁེལ་བ་བྱས་ཏེ། ཁྲིམས་ལྟར་སྲུང་སྐྱོབ་ཀྱི་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་ཁྲིམས་སྐྱོང་སྦྲེལ་ཐག་ནན་མོར་བརྟེན་ནས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་གི་ཁྲིམས་བཀོད་འགན་འཁྲི་འཁུར་དགོས། སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོའི་བྱ་བར་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ། ཁྲིམས་སྲོལ་གཙང་བཤེར་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། རིགས་དབྱེའི་གསོ་སྦྱོང་བྱས་ཏེ་ཁྲིམས་གཞུང་གི་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་དངོས་གནས་འགྱུར་བར་བྱས་ཏེ། ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས། འབྲེལ་ཡོད་མཐོ་རིམ་སློབ་གྲྭ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་འབྲེལ་ཡོད་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།