མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་འགྲེམ་ཁང་འཛུགས་སྐྲུན་བྱ་བ་ཕྱོགས་ཡོངས་ནས་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཐེངས་ཉེར་བདུན་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་འགྲེམ་སྟོན་བཀོད་སྒྲིག་བྱ་བ་ཕྱོགས་ཡོངས་ནས་འགོ་བརྩམས་ཏེ་འགྲེམ་སྟོན་ནང་ཞུགས་མཁན་ཚང་མས་ཡུལ་དངོས་སུ་འགྲེམས་གནས་བསྐྲུན་བཞིན་ཡོད་ལ།   འཆར་གཞི་ལྟར་ན་འགྲེམ་ཁང་བཀོད་སྒྲིག་ལས་དོན་ཟླ7པའི་ཚེས12གྱི་སྔོན་ལ་ཡོངས་འགྲུབ་བྱ་རྒྱུ་རེད།

སྐབས་འདིའི་འགྲེམ་ཚོགས་ཀྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་གནད་འགག་གི་དུས་མཚམས་ལ་རྐང་འཛུགས་པ་དང་། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་དམ་དུ་དམིགས་ཏེ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་བསྐྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྒོ་འབྱེད་མཉམ་ལས་དང་ལྷད་མེད་འཕེལ་རྒྱས་ཀྱི་བརྗོད་དོན་གཞིར་བཟུང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་སིམ་འདྲེས་ཡོང་བར་བྱེད་པ།   སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ་རྒྱལ་སྤྱི་ཅན་དང་ཁྲོམ་ར་ཅན། ཆེད་ལས་ཅན་གྱི་དངུལ་གཏོང་ཉོ་ཚོང་སྟེགས་བུ་བསྐྲུན་པ། ཆུ་ཚད་མཐོ་བའི་སྒོ་འབྱེད་མཉམ་ལསལ་བརྟེན་ནས་སྤུས་ཚད་མཐོ་བའི་གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་བཏང་སྟེ་སྔར་ལས་ཆུ་ཚད་མཐོ་བ་དང་སྔར་ལས་ཕན་འབྲས་ཆེ་བ། སྔར་ལས་ངོ་མཚར་ཆེ་བ་བཅས་ཀྱི་འགྲེམ་ཚོགས་སྒྲུབ་པའི་དམིགས་འབེན་མངོན་འགྱུར་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་བར་མཉམ་ཤུགས་ཆེན་པོ་གཅིག་བསྡུས་བྱས་ཡོད།

སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་འགྲེམ་ཚོགས་ཀྱིས་འགྲེམ་སྟོན་ལ་བརྟེན་ནས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་དང་འགྲེམ་སྟོན་ལ་བརྟེན་ནས་ཚོང་འགུག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ་དང་། འགྲེམ་སྟོན་གྱི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་གཉིས་དང་སྟོང་ལྔ་ཡོད་ལ། མདུན་གྱི་ཚོགས་ཁང་དང་དཀྱིལ་གྱི་ཚོམས་ཁང་། ནུབ་ཀྱི་ཚོམས་ཁང་། ཤར་གྱི་ཚོམས་ཁང་བཅས་ཁུལ་ཁོངས་ཆེན་པོ་བཞི་རུ་དབྱེ་ཡོད་ཅིང་། བསྡོམས་པས་དམིགས་བསལ་འགྲེམ་ཁུལ་སོ་དྲུག་དང་ཚད་ལྡན་འགྲེམ་ཁུལ་ཉིས་བརྒྱ་སོ་བདུན་ཡོད། འགྲེམ་ཚོགས་ཀྱིས་མཚོ་སྔོན་གྱི་མི་ཆོས་རིག་གནས་ཀྱི་རྣམ་པ་དང་སྐྱེ་ཁམས་དགེ་མཚན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཅས་ཀྱི་གྲུབ་འབྲས་གཅིག་བསྡུས་སྒོས་མངོན་པར་བྱས་ཡོད་པ་དང་ཆབས་ཅིག འབྲེལ་ཡོད་རྒྱལ་ཁབ་དང་། ཞིང་ཆེན་དང་གྲོང་ཁེར་སོ་སོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གྲུབ་འབྲས་མངོན་པར་བྱས་ཡོད། དེའི་ནང་། མདུན་གྱི་ཚོམས་ཁང་ནི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་འགྲེམ་ཁུལ་རེད། དཀྱིལ་གྱི་ཚོམས་ཁང་དུ་འགྲེམ་ཁུལ་དགུ་བཀོད་སྒྲིག་བྱས་ཡོད་པ་དང་། གཙོ་བོ་ཐོན་ལས་གནས་བཞི་དང་ལྗང་མདོག་རྩིས་གློག་རྟེན་གཞི་བསྐྲུན་པའི་གྲུབ་འབྲས་འགྲེམ་སྟོན་བྱས་ཡོད་ལ། དེ་དང་མཉམ་དུ་ཧྲན་ཏུང་དང་ཧྥུའུ་ཅན་ཞིང་ཆེན་གཉིས་ཀྱི་འགྲེམ་ཁུལ་དང་།  ཀྲི་ལི་དང་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་འགྲེམ་ཁུལ་བཀོད་སྒྲིག་བྱས་ཡོད། ནུབ་ཀྱི་ཚོམས་ཁང་དུ་འགྲེམ་ཁུལ་ཉེར་དྲུག་ཡོད་པ་དང་། དེའི་ནང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དང་བཅས་པའི་ཞིང་ཆེན་ཕྱི་དང་དེ་བཞིན་ཞང་ཀང་དང་ཨོ་མོན་ས་ཁུལ་གྱི་འགྲེམ་ཁུལ་བཅུ་དྲུག་ཡོད་ལ། གྲོང་ཁྱེར་དང་ཁུལ་གྱི་འགྲེམ་ཁུལ་བརྒྱད་ཡོད་པར་མ་ཟད། རིག་ནུས་བཟོ་སྐྲུན་དང་ཐད་གཏོང་གི་བརྗོད་དོན་གཙོ་བོའི་འགྲེམ་ཁུལ་གཉིས་ཡོད། ཤར་གྱི་ཚོམས་ཁང་དུ་ཚད་ལྡན་འགྲེམ་ཁུལ་ཉིས་བརྒྱ་སོ་བདུན་བཀོད་སྒྲིག་བྱས་ཡོད་པ་དང་། གཙོ་བོ་རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་རྒྱལ་ཁབ་དང་དེ་བཞིན་རྒྱལ་ནང་གི་ས་གདན་ཐོན་སྐྱེད་བྱེད་མཁན་གྱི་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་གཙོ་བོའི་སྤུས་ལེགས་ས་གདན་འགྲེམ་སྟོན་བྱས་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།