ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག་ཐད་ཁྲིམས་བསྟར་ཞིབ་བཤེར་བྱ་བ་སྤེལ།
ཞིབ་བཤེར་ཚན་ཆུང་རྨ་ཆེན་རྫོང་དང་དགའ་བདེ་རྫོང་། དར་ལག་རྫོང་བཅས་སུ་སོང་ནས་རྫོང་སོ་སོའི་ཆུ་ཁུངས་དང་མང་ཚོགས་ཀྱི་ཆུ་ལེན་ས། ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་། ཕྱུགས་སྨན་ས་ཚིགས། ནད་ཡམས་སྔོན་འགོག་ལྟེ་གནས། དེ་བཞིན་ཞང་དང་གྲོང་རྡལ་གྱི་མངག་གཏོང་ཁང་དང་སློབ་གྲྭ་སོགས་གནས་གཙོ་བོར་ཟབ་ཞུགས་བྱས་ཏེ་འབྲོག་ཁུལ་གྱི་ཆུ་ཁུངས་ཀྱི་སྔོན་འགོག་ཚོད་འཛིན་དང་སྲོལ་ཡིག་དྲིལ་སྒྲོག་ཁྱབ་གདལ། ཁྱི་ལྡོམ་དོ་དམ་ཚོད་འཛིན། སློབ་གླིང་གི་ཐུམ་འབུའི་ཐད་ཀྱི་བདེ་ཐང་སློབ་གསོ་སོགས་ཁྲིམས་བཅད་འགན་འཁྲི་དོན་འཁྱོལ་གནས་ཚུལ་ལ་ཡུལ་དངོས་ནས་ཞིབ་བཤེར་བྱས་པར་མ་ཟད། གཞི་རིམ་གྱི་རིམས་འགོག་ལས་སྒྲུབ་མི་སྣ་དང་སློབ་གྲྭའི་དགེ་བཟོ་བ་དང་བཞུགས་མོལ་བརྗེ་རེས་བྱས་ཏེ་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།
ཞིབ་བཤེར་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཁྲིམས་སྐྱོང་འགོག་བཅོས་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་ལྷོད་གཡེང་གི་བསམ་བློ་མེད་པར་བྱེད་པ། ལོ་རེའི་དཔྱད་ཞིབ་དམིགས་ཚད་ཇེ་ཞིབ་ཏུ་གཏོང་བ་བཅས་བྱས་ནས་རིམ་པ་སོ་སོའི་ཁོངས་གཏོགས་ས་ཁུལ་དང་སྡེ་ཁག་གིས་ཐུམ་འབུའི་ནད་འགོག་བཅོས་ཀྱི་ཁྲིམས་བཅད་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས། འགོ་ཁུངས་ཀྱི་ཕྱོགས་བསྡུས་དོ་དམ་ཚོད་འཛིན་ལ་དམིགས་ནས་སྒོ་ཁྱི་བཏགས་ནས་གསོ་བ་དང་འབུ་མེད་པར་བྱེད་པ། ཁྱི་ལྡོམ་ཐག་གཅོད་བྱེད་པ། ནད་ཀྱིས་ཤི་བའི་ནོར་ལུག་གི་དོན་སྣོད་གནོད་མེད་ཅན་གྱིས་ཐག་གཅོད་པ་བཅས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པ་དང་། འབྲོག་ཁུལ་གྱི་ཆུ་ཁུངས་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་ཀྱི་ལྟ་ཞིབ་ཚད་ལེན་འཐུས་ཚང་དུ་བཏང་སྟེ་ཕྱོགས་ཡོངས་ནས་ནད་ཡམས་མཆེད་པའི་འབྲེལ་ཐག་གཅོད་དགོས། གཞི་རིམ་གྱི་སྔོན་འགོག་ཚོད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཆེད་ལས་ཅན་གྱི་རིམས་འགོག་དཔུང་སྡེ་སྟོབས་ལྡན་འཛུགས་པ། མང་ཚོགས་ལ་བརྟག་དཔྱད་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ནད་ལྕི་མོ་བྱུང་ཡོད་པ་དང་ཡོང་འབབ་དམའ་བའི་ནད་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་དགོས། ཁུལ་ཁོངས་མཐུན་སྦྱོར་མཉམ་བཅོས་མ་ལག་འཐུས་ཚང་དུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུགས་པ། སྡེ་ཁག་གི་གཞི་གྲངས་མཉམ་སྤྱོད་ཀྱི་བྱེད་ཐབས་ལག་བསྟར་བྱེད་པ། རྟ་རྒྱབ་ཀྱི་སྒྲོག་འགྲེལ་དང་སློབ་གླིང་གི་ཚན་རིག་ཁྱབ་གདལ་སོགས་སྐད་གཉིས་དྲིལ་སྒྲོག་བྱེད་ཐབས་གསར་གཏོད་བྱེད་པ། མང་ཚོགས་ཀྱིས་གཞན་དབང་སྔོག་འགོག་ནས་རང་འགུལ་འགོག་སྲུང་ཕྱོགས་སུ་ཚུལ་སྒྱུར་བྱེད་པར་ཁྲིད་སྟོན་བྱས་ཏེ། དམངས་ཡོངས་ཟབ་ཞུགས་དང་ཁུལ་ཁོངས་ཡོངས་ལ་ཁེབས་པའི་མཉམ་འགོག་མཉམ་བཅོས་རྣམ་པ་གྲུབ་པར་བྱེད་དགོས།