ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་གྲོས་གཞི་བསྒྲུབ་པའི་བྱ་བའི་སྤུས་ནུས་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས6ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་གྲོས་གཞི་བསྒྲུབ་པའི་བྱ་བའི་སྐུལ་འདེད་གྲོས་ཚོགས་བསྡུས། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་སྐབས་ཀྱི་འཐུས་མིའི་གྲོས་གཞིའི་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་སོ་སོ་དང་འཐུས་མིའི་གྲོས་གཞི་འགན་སྒྲུབ་ལས་ཁུངས་སོ་སོས་བརྗེ་རེས་བཞུགས་མོལ་བྱས།

བརྡ་ཁྱབ་ལས་བསྟན་དོན། འཐུས་མིའི་གྲོས་གཞི་འགན་སྒྲུབ་ལས་ཁུངས་སོ་སོས་ཡིག་ཆ་ལྟར་ལས་འགན་སྒྲུབ་པའི་གཏན་ཆགས་འདུ་ཤེས་ལས་བརྒལ་ནས། འཐུས་མིའི་གྲོས་གཞི་བསྒྲུབ་པ་དང་བྱ་བའི་བསམ་ཕྱོགས་འཐུས་ཚང་དུ་གཏོང་བ། བྱ་བ་དངོས་འབེབས་ལ་སྐུལ་འདེད་གཏོང་བ། བྱ་བའི་སྤྱོད་ཚུལ་བསྒྱུར་བ་བཅས་ཟུང་འབྲེལ་བྱས་ཏེ། གནད་དོན་དངོས་སུ་ཐག་གཅོད་བྱེད་པ་དང་དཀའ་གནད་དངོས་སུ་སེལ་ཐབས་བྱེད་དགོས། ལམ་ལུགས་ཀྱིས་སྟོབས་ནུས་སྩོལ་བ་དམ་འཛིན་དང་། དབྱེ་ཞིབ་བརྡར་གཅོད་དམ་འཛིན། ཕན་ཚུན་འབྲེལ་འདྲིས་དམ་འཛིན། དངོས་འབེབས་བྱས་ནས་ཕན་འབྲས་ལེན་པ་དམ་འཛིན་སོགས་ཀྱི་ཕྱོགས་གཙོ་བོར་གནད་འཁེལ་ཤུགས་འདོན་བྱེད་པ་དང་། འཐུས་མིའི་གྲོས་གཞི་བསྒྲུབ་པའི་བྱ་བའི་སྤྱིའི་སྤུས་ཀ་དང་དངོས་ཡོད་གྲུབ་འབྲས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། སྲིད་འབྲས་ལྟ་བ་ཡང་དག་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་དགོས་ལ། ལས་སྒྲུབ་འགན་འཁྲི་དངོས་འབེབས་བྱེད་པ་དང་། དུས་བཅད་བླང་བྱར་རྒྱུས་ལོན་བྱེད་པ། རྗེས་འདེད་སྐུལ་འདོམས་ཇེ་དྲག་ཏུ་གཏོང་བ་དང་། དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་པ་བཅས་བྱས་ནས། དམངས་འདོད་དམངས་གྲོས་དེ་བཅོས་སྐྱོང་གི་ནུས་པར་དངོས་སུ་བསྒྱུར་བ་དང་། འཐུས་མིའི་བློ་གྲོས་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་བ། མང་ཚོགས་ཀྱི་རེ་འདོད་དེ་དམངས་ཕན་དངོས་འབྲས་སུ་བསྒྱུར་དགོས།

བཞུགས་མོལ་བརྗེ་རེས་ཁྲོད། འཐུས་མིའི་གྲོས་གཞི་འགན་སྒྲུབ་ལས་ཁུངས་སོ་སོས་གཅིག་གྱུར་གྱིས་བསྟན་དོན། རང་འགུལ་ཞབས་ཞུའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། འཐུས་མིར་སྔར་ལས་འབྲེལ་འདྲིས་ལེགས་པོ་བྱེད་པ། གྲོས་འདོན་གྱི་ཐོག་མའི་སེམས་འདུན་ལ་རྒྱུས་ལོན་ཡང་དག་བྱེད་དགོས་ལ། རིགས་དབྱེ་ཇུས་འདོན་དང་དམིགས་གཏད་འགག་སྒྲོལ་བྱས་ཏེ། གྲོས་གཞི་བསྒྲུབ་པའི་གྲུབ་འབྲས་མཐོར་འདེགས་གཏོང་དགོས། འགན་འཁྲིའི་འདུ་ཤེས་དང་དགོས་གཏུགས་འདུ་ཤེས་ལ་ཏན་ཏིག་གིས་ཤུགས་སྣོན་པ་དང་། བྱེད་ཐབས་དང་ནུས་པ་ཆེན་པོ་འདོན་པ། ལས་འགན་མྱུར་མོར་སྒྲུབ་པ་བཅས་བྱས་ནས། དམངས་ཆེན་འཐུས་མིའི་གྲོས་གཞི་རེ་རེ་དོན་ཐོག་ཏུ་འཁྱོལ་བ་དང་དོན་དག་རེ་རེར་ཨ་ལན་ཡོད་པ་ཁག་ཐེག་བྱེད་དགོས། གཙོ་སྒྲུབ་དང་རོགས་སྒྲུབ། ལས་བགོས་འགན་འཁྲི་བཅས་དངོས་འབེབས་ལེགས་པོ་བྱས་ཏེ། སྲུབ་མེད་སྦྲེལ་མཐུད་དང་དང་ལེན་བརྒྱུད་སྒྲོག མཉམ་འཛིན་སྤྱི་སྒྲུབ་བཅས་ལ་ཁག་ཐེག་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་འཐུས་མིའི་གྲོས་གཞི་བསྒྲུབ་པའི་ལས་འགན་སྣ་ཚོགས་ལེགས་འགྲུབ་ཡོང་བར་བྱས་ནས། དམངས་ཆེན་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་དགེ་མཚན་དེ་སྔར་ལས་ལྷག་པར་སྲིད་གཞུང་གི་བཅོས་སྐྱོང་ནུས་པར་བསྒྱུར་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།