ཟླ7པའི་ཚེས3ཉིན། ལྷོ་ཕྱོགས་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གསུམ་པའི་སྨན་བཅོས་མཉམ་འབྲེལ་བྱ་བའི་གྲོས་ཚོགས་དང་ཀོང་ཏུང་ཞིང་ཆེན་རུས་ནད་སྨན་ཁང་གསོ་བཅོས་སྡེ་ཚོགས་ཀྱི་ནད་གཞི་ཚབས་ཆེན་ཚན་ཁག་འཛུགས་སྐྲུན་དང་གསར་གཏོད་འཕེལ་རྒྱས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་སྤེལ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། ལྷོ་ཕྱོགས་གསོ་རིག་སློབ་ཆེན་ཁོངས་གཏོགས་སྨན་ཁང་གསུམ་པའི་ཆེད་དོན་སློབ་གཉེར་བ། ཀོང་ཏུང་ཞིང་ཆེན་རུས་ནད་སྨན་ཁང་གི་མཉམ་འབྲེལ་ལས་ཁུངས་སོ་སོའི་ལས་སྒྲུབ་མི་སྣ། མཚོ་སྔོན་ཞིང་ཆེན་ཁམས་གསོ་སྨན་ཁང་གི་ནད་གཡོག་འཐུས་ཚབ་པ་སོགས་མི100ལྷག་གྲོས་ཚོགས་ལ་ཞུགས།
ཐེངས་འདིའི་གྲོས་ཚོགས་ནི་མཚོ་སྔོན་ཞིང་ཆེན་ཁམས་གསོ་སྨན་ཁང་གིས་འགན་སྒྲུབ་བྱས་པ་དང་། “ཀོང་ཏུང་དང་མཚོ་སྔོན་གྱི་སྨན་བཅོས་མཉམ་འབྲེལ་མཉམ་ལས་ཟབ་སྤེལ་བྱེད་པ་དང་། སྤྱི་ཕན་གྱི་སྟོབས་ཤུགས་ལ་བརྟེན་ནས་ཁམས་གསོའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བ”ཞེས་པ་བརྗོད་དོན་བྱས་ཏེ། ལྷོ་བྱང་སྨན་བཅོས་ཐོན་ཁུངས་འབྲེལ་མཐུད་བྱེད་པ་དང་། ཚན་ཁག་མཉམ་བསྐྲུན། ལག་རྩལ་མཉམ་སྤྱོད་བཅས་ཀྱི་ཆུ་ཚད་མཐོ་བའི་བརྗེ་རེས་ཀྱི་སྤྱི་སྟེགས་བསྐྲུན།
གྲོས་ཚོགས་ཀྱི་སྐབས་སུ། ཁྱབ་ཁོངས་མི་འདྲ་བ་ནས་ཐོན་པའི་ཆེད་མཁས་པ་མང་བོས། ཏང་འཛུགས་ཀྱིས་སྣེ་ཁྲིད་དེ་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྐང་པའི་ཕྱི་བཅོས་ཚན་ཁག ཁམས་གསོ་ཚན་ཁག ཉེན་ཁ་ཅན་གྱི་ནད་པའི་སྨན་བཅོས་མ་ལག་འཛུགས་སྐྲུན། སྨན་ཁང་ནང་གི་སྨན་རྫས་མཉམ་སྤྱོད་སོགས་ཀྱི་ནང་དོན་ལ་ཆེད་དོན་སློབ་གསོ་སྤེལ། ཉིན་དེའི་ཕྱི་དྲོར། ཉེན་ཁ་ཅན་གྱི་ནད་པའི་སྨན་བཅོས་གླེང་སྟེགས་དང་སྨན་ཁང་མཉམ་འབྲེལ་འཛུགས་སྐྲུན་གྱི་གླེང་སྟེགས་སྔ་རྗེས་སུ་འགོ་བརྩམས་ཏེ། ཚོགས་ཞུགས་མི་སྣའི་སྨན་ཁང་མཉམ་འབྲེལ་འཛུགས་སྐྲུན་དང་ཚན་ཁག་འཛུགས་སྐྲུན། གཞི་རིམ་ཞབས་ཞུའི་ལག་ལེན་གྲུབ་འབྲས་སོགས་བརྗོད་དོན་གྱི་ཉམས་མྱོང་མཉམ་སྤྱོད་བྱས།
ཐེངས་འདིའི་གྲོས་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཀོང་ཏུང་དང་མཚོ་སྔོན་གཉིས་ཀྱི་སྨན་བཅོས་མཉམ་འབྲེལ་མཉམ་ལས་ལ་རྨང་གཞི་བརྟན་པོ་བཏིང་བར་མ་ཟད། རིག་གཞུང་བརྗེ་རེས་དང་ལག་རྩལ་རོགས་སྐྱོར། འཇོན་མི་མཉམ་གསོ་བཅས་ཀྱི་སྤུས་ལེགས་སྤྱི་སྟེགས་བསྐྲུན་ཏེ། མཚོ་སྔོན་ཞིང་ཆེན་རུས་ཚིགས་ཚན་ཁག་དང་ཁམས་གསོའི་གསོ་རིག ཉེན་ཁ་ཅན་གྱི་ནད་པའི་ཚན་ཁག་བཅས་ཚད་ལྡན་ཅན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།