སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཚང་མས་དོ་སྣང་ཆེན་པོ་བྱས། 

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ལོ་བརྒྱ་དང་ལྔར་འབད་འབུངས་ཡར་བརྩོན་བྱས་པ་དང་། ལོ་བརྒྱ་དང་ལྔ་ཡིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ན་གཞོན་ཚོས་དོ་སྣང་ཆེན་པོ་བྱས། ཚང་མས་རང་ཉིད་ཀྱི་འཚོལ་སྙེག་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ནང་འདྲེས་པར་བྱས་ཏེ།  ལང་ཚོའི་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བ་མ་ཟད། འཐབ་ལམ་གསར་པའི་སྟེང་ལོ་རྒྱུས་ཀྱི་མཐུད་རྒྱུག་འགྲན་བསྡུར་ལེགས་པོ་བྱ་རྒྱུ་ཡིན་པ་བསྟན། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས། ཡངས་ཤིང་རྒྱ་ཆེ་བའི་ལོ་རྒྱུས་ཀྱི་ཟུར་ཚད་ནས། ཕྱོགས་ལྔའི་ཐད་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱ་དང་ལྔར་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་འབད་བརྩོན་ལྷོད་མེད་ཀྱིས་གསར་སྐྲུན་བྱས་པའི་རླབས་ཆེན་གྱི་གྲུབ་འབྲས་ཕྱོགས་བསྡོམས་གནང་ཡོད་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་མུ་མཐུད་དུ་འོད་སྟོང་འབར་བའི་ཕུལ་བྱུང་ཁྱད་ཆོས་གཏོད་ཡོད་པ་གཏིང་ཟབ་སྒོས་གསལ་སྟོན་གནང་ཡོད།  གྲོང་གསེབ་དར་སྤེལ་གྱི་གར་སྟེགས་ཆེན་མོ་ནས་ཚན་ཞིབ་འགག་སྒྲོལ་གྱི་ཡུལ་དངོས་དང་པོའི་བར། དུས་རབས་གསར་པའི་རྒྱ་ཆེའི་ཀྲུང་གོའི་ན་གཞོན་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག་ཡོད་པ་མ་ཟད་སྐུལ་ལྕག་ཆེན་པོ་ཐེབས་ཡོད།

ཧྥུའུ་ཏན་སློབ་ཆེན་གྱི《གུང་ཁྲན་ཏང་གི་བསྒྲགས་གཏམ》འགྲེམས་སྟོན་ཁང་སྟེ“མེ་སྟག”ཞེས་པའི་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་གི་རུ་མི་ཁྲེན་ཙི་ཕེ་ཡིས་བཤད་རྒྱུར། ལོ་ངོ་བརྒྱ་དང་ལྔའི་སྔོན་ལ་ཕྱིར་མིག་ཅིག་བལྟས་ཚེ། ན་གཞོན་སྐོར་ཞིག་གིས་རང་ཉིད་ཀྱི་ལང་ཚོ་དེ་མི་རིགས་བཅིངས་འགྲོལ་གྱི་རླབས་རྒྱུན་ཁྲོད་བློས་བཏང་སྟེ།   ཁྲག་དྲོན་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་སུ་བཅུག  དུས་རབས་གསར་པར་གནས་པའི་ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ཁྲིད་སྟོན་དུ་བཟུང་སྟེ། ཐོས་བསམ་མྱོང་རྟོགས་བཅས་ཀྱི་ཁྲོད་ཐོག་མའི་བསམ་འདུན་སྦྱོང་བརྡར་བྱེད་དགོས་པ་མ་ཟད།  ཤེས་པ་དང་ཉམས་ལེན་ཟུང་འབྲེལ་བྱེད་པའི་ལས་འགན་ཕྲག་ཏུ་འཁུར་དགོས། 

“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་བྱ་ཡུལ་རྡོ་རྗེ་དབང་ཕྱུག་གིས་བཤད་རྒྱུར། ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས། ང་རང་སེམས་འགུལ་ཚད་མེད་ཐེབས་བྱུང་། ཏང་གི་འགོ་ཁྲིད་སྟོབས་ལྡན་འོག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་འོག བོད་ལྗོངས་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་འགུལ་སྐྱོད་ཐད་ལོ་རེར་གྲུབ་འབྲས་ལེགས་པོ་བླངས་ཡོད་པས། ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད། ང་ཚོས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་སྟེ། ལང་ཚོ་ལ་བརྟེན་ནས་འགན་འཁྲི་སྒྲུབ་པ་དང་། དངོས་སྒྲུབ་ལ་བརྟེན་ནས་མཐའ་མཚམས་ཇེ་བརྟན་དུ་གཏོང་དགོས།

ནང་སོག་པཱ་ཡན་ཀྲོ་ཨར་གྲོང་ཁྱེར་ཏིན་ཁོའུ་རྫོང་བྱང་གསུམ་བྱེ་བཅོས་ན་གཞོན་འཕྲལ་སྒྲུབ་རུ་ཁག་གི་རུ་མི་པའོ་དབྱིན་གྱིས་བཤད་རྒྱུར ། མི་རབས་ནས་མི་རབས་ཀྱི་བྱེ་བཅོས་མི་སྣ་བྱེ་ཐང་དུ་རྐང་ཚུགས་ཏེ། མུ་མཐུད་དུ་ལྗང་མདོག་བསྐྲུན་པ་དང་། ང་ཚོའི་ཏིན་ཁོའུ་རྫོང་གི་ནགས་རྩྭ་དུས་འགོའི0.04%ནས་ད་ལྟའི41.4%བར་མཐོ་རུ་ཕྱིན་ཡོད་པས། བྱེ་བཅོས་ཀྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མངོན་འགྱུར་བྱུང་ཡོད་པ་མ་ཟད། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་གལ་འགངས་རང་བཞིན་བདེན་དཔང་གང་ལེགས་བྱས་ཡོད།  ན་གཞོན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་དགོས་ལ། ཏང་འཛུགས་སྣེ་ཁྲིད་དུ་བཟུང་སྟེ། ཏང་ལ་བློ་དཀར་བ་ལག་ཏུ་བསྟར་དགོས་པ་མ་ཟད། དམངས་ཀྱི་ཆེད་དུ་སྔོ་ལྗང་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་དགོས། 

མཁའ་འགྲུལ་བཟོ་ལས་ཧྲིན་ཧྥེ་ཚད་ལྡན་ལྷུ་ལག་ལྟེ་གནས་ཀྱི་སྐམ་འཛིན་བཟོ་པ་དབྱང་གོ་ཞིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ།  ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཁྱད་ཆོས་མུ་མཐུད་དུ་དར་རྒྱས་གོང་འཕེལ་གཏོང་དགོས་པ་དང་། རྒྱལ་གཅེས་ཀྱི་བསམ་པ་བཅངས་བ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་ཡོད་པ། རྒྱལ་ཁབ་སྟོབས་ལྡན་གྱི་ནུས་པ་མཐོ་རུ་གཏོང་བ་བཅས་བྱས་ཏེ། རང་རྟོགས་སྒོས་འཚོལ་སྙེག་དེ་ཏང་དང་རྒྱལ་ཁབ་ཀྱི་མཁའ་འགྲུལ་རྒྱལ་ཁབ་སྟོབས་ལྡན་གྱི་བྱ་གཞག་ནང་འདྲེས་པར་བྱ་དགོས་ཤིང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཡག་ཐོག་ཡག་བརྩེགས་ཀྱིས་ལག་ཤེས་པའི་སྙིང་སྟོབས་ལག་བསྟར་བྱེད་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་འགག་སྒྲོལ་གྱི་འགག་རྩའི་ཁྱབ་ཁོངས་སུ་གནད་འགག་ལག་རྩལ་གྱི་དཀའ་གནད་སེལ་བ་བཅས་བྱས་ཏེ། དངོས་སྒྲུབ་ལ་བརྟེན་ནས་ལང་ཚོའི་ཕུགས་བསམ་འགྲུབ་དགོས།

བྱས་རྗེས་འཇོག་པར་ཕུགས་འདུན་ལ་བརྟེན་དགོས་པ་དང་། བྱ་གཞག་རྒྱ་བསྐྱེད་པར་འབད་བརྩོན་ལ་བརྟེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འོད་སྟོང་འབར་བའི་ལོ་རྒྱུས་གསར་པ་ཧུར་ཐག་གིས་གཏོད་དགོས་པའི་རླབས་ཆེན་འབོད་སྐུལ་གནང་བའི་དུས་མཚུངས་སུ། རྒྱ་ཆེའི་ན་གཞོན་རྣམས་ལ་ཡིད་ཆེས་བརྟན་པོ་དང་དམིགས་འབེན་གཏན་འཁེལ་གྱི་སྐུལ་ལྕག་གནང་ཡོད། ཚང་མས་ཏང་དང་མི་དམངས་ཀྱི་འབོད་སྐུལ་རང་རྟོགས་སྒོས་ཉན་པ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་གཏིང་ཟབ་ཏུ་གཏོང་བ། ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་ལེན་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལང་ཚོའི་ལེའུ་འབད་པས་འབྲི་དགོས་པ་བསྟན།  

ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ནུས་ཁུངས་དང་སྒུལ་ཤུགས་བཟོ་སྐྲུན་སློབ་གླིང་གི་ཞིབ་འཇུག་སློབ་མ་ཉིའུ་པིན་ཡའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་ན་གཞོན་སློབ་མར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སེམས་སུ་འཇགས་པར་བྱེད་པ་དང་འགུལ་སྐྱོད་དོན་ཐོག་ཏུ་འཁྱོལ་པར་བྱས་ཏེ། ཏང་གི་བཀོད་འདོམས་ལ་ཉན་དགོས་པ་མ་ཟད་ཏང་གི་རྗེས་སུ་འབྲང་དགོས། སྒེར་གྱི་ཚན་རིག་ཞིབ་འཇུག་འཚོལ་སྙེག་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ནང་འདྲེས་པར་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་མུ་མཐུད་དུ་གཏན་འཁེལ་བྱེད་དགོས་པ་མ་ཟད། བློ་རྩེ་གཅིག་སྒྲིམ་གྱིས་བརྩོན་ཞིབ་དང་ཡང་རྩེར་འཛེགས་ཕོད་དགོས།

ཀྲུང་གོ་ཞིང་ལས་སློབ་ཆེན་ཆུས་ཀྲོའུ་ཚན་རྩལ་སློབ་གླིང་གི་ཞིབ་འཇུག་སློབ་མ་ལེའང་ཝུན་ཐིང་གིས་བཤད་རྒྱུར། ང་ཚོ་དུས་རྒྱུན་སྡེ་སྡོད་ལག་ལེན་བྱས་པ་དང་། ཞིང་བ་དང་མཉམ་ཟ་མཉམ་འདུག མཉམ་དུ་ངལ་རྩོལ་བྱེད་བཞིན་ཡོད་པས། འདིས་ས་གཞི་ཆེ་མོར་རྐང་ཚུགས་པ་དང་ཞིང་གསུམ་ལ་ཞབས་འདེགས་ཞུ་བའི་ཕུགས་བསམ་དད་སེམས་སྔར་ལས་ཇེ་བརྟན་དུ་བཏང་། ང་ཚོས་ལང་ཚོའི་ཕུགས་བསམ་དེ་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དང་མཉམ་འདྲེས་བྱས་ཏེ། ལང་ཚོར་བརྟེན་ནས་ཕུགས་འདུན་མངོན་འགྱུར་བྱ་དགོས། 

ལུང་མིན་བྲག་ཕུག་ཞིབ་འཇུག་གླིང་གི་བྲག་ཕུག་སྲུང་སྐྱོང་ཞིབ་འཇུག་དང་ཤུལ་བཞག་ལྟ་ཞིབ་ཚད་ལེན་ཚོགས་པའི་ཚོགས་མི་ལིའུ་དབྱི་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་རྒྱ་ཆེའི་ན་གཞོན་རྣམས་ལ་བཅངས་པའི་རེ་བ་དེས་ང་ཚོར་དུས་རབས་ཀྱི་འགན་འཁྲི་རྟོགས་སུ་བཅུག ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་ངེས་ནས་རང་སྟེང་གི་འགན་འཁྲི་ཕྲག་ཏུ་འཁུར་ཏེ། ང་ཚོའི་ཀྲུང་ཧྭའི་རིག་གནས་ཀྱི་གཅེས་ནོར་སྲུང་སྐྱོང་ཡག་པོ་དང་རྒྱུན་འཛིན་ཡག་པོ།  ཁྱབ་སྤེལ་ཡག་པོ་བཅས་བྱ་རྒྱུ་ཡིན།

“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་བྱ་ཡུལ་ཀའོ་ཧྥེང་གི་བཤད་རྒྱུར། ན་གཞོན་ཏང་ཡོན་ཟས་སྐྱེལ་པ་ཞིག་ཡིན་པའི་ཆ་ནས། ང་ལ་ན་གཞོན་པས་བྱ་བ་སྒྲུབ་པར་ཕུགས་འདུན་ཡོད་དགོས་ཤིང་། ལས་གནས་སུ་རྐང་ཚུགས་པ་དང་ཏན་ཏིག་བྱེད་དགོས་པའི་ཚོར་བ་ཟབ་མོ་སྐྱེས། ངས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་ངེས་ཤིང་། སྡེབ་སྐྱེལ་གྱི་ཡུལ་དངོས་དང་པོར་རྐང་ཚུགས་ཏེ། ཉེ་འགྲམ་གྱི་ཟས་སྐྱེལ་པ་ཚོས་སྣེ་ཁྲིད་དེ་ཏན་ཏིག་གིས་མངགས་སྐྱེལ་ཡག་པོ་བྱེད་རྒྱུ་དང་ཁྱིམ་མཚེས་ཚང་མར་ཞབས་ཞུ་ཡག་པོ་བྱེད་རྒྱུ་ཡིན་ལ།  སྤྱིར་བཏང་གི་ལས་གནས་སུ་ཏང་ཡོན་གྱི་འགན་འཁྲི་འཁུར་རྒྱུ་ཡིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།