ཚན་རྩལ་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་རྨང་གཞི་ཡིན་པ་དང་། གསར་གཏོད་ནི་མི་རིགས་ཡར་ཐོན་གྱི་བླ་སྲོག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གནད་འགག་ནི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ལ་རག་ལས་ཡོད་ཅེས་ནན་གྱིས་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་འོག རང་རྒྱལ་གྱི་ཚན་རྩལ་སྟོབས་ཤུགས་དེ་གྲངས་འབོར་གྱི་གསོག་ཚད་སྤུས་ཚད་ནས་མཆོང་སྐྱོད་བྱུང་བ་དང་། གནས་ཀྱི་ཐོད་བརྒལ་ནས་མ་ལག་གི་ནུས་པ་མཐོར་འདེགས་བྱུང་སྟེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་བརྗིད་ཆེའི་དམིགས་འབེན་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་བཞིན་ཡོད།
རྒྱུན་ཆད་མེད་པར་ཡར་ངོའི་ཟླ་ལྟར་འཕེལ་བའི་འཁྱོག་ཐིག་འདི་གཉིས་ནི། ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བའི་འཕར་སྣོན་རྗེས་ཤུལ་ཡིན། རང་རྒྱལ་གྱི་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་གཏོང་ཚད་དེ2012ལོའི་སྒོར་ཁྲག་ཆེན་གཅིག་ལས་བརྒལ་བ་ནས2025ལོའི་སྒོར་ཁྲག་ཆེན་བཞི་ཡས་མས་ལ་སླེབས་ཏེ། བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་ཡོད་པ་དང་། རྒྱལ་ཁབ་ཅིག“གསར་པའི་ཕྱོགས་སུ”བསྐྱོད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད། 2012ལོ་ནས2025ལོའི་བར། རང་རྒྱལ་གྱི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཨང་རིམ34ནས་ཨང10བར་འཕར་བ་དང་། ཚན་རྩལ་གསར་གཏོད་ནི“ལག་རྩལ་གྱི་རྗེས་སྙེག་པ”ནས“གོ་ལ་ཧྲིལ་པོའི་བྱས་རྗེས་འཇོག་མཁན་གལ་ཆེན”གྱི་མཆོང་སྐྱོད་གལ་ཆེན་མངོན་འགྱུར་བྱུང་ཡོད།
ཚན་རྩལ་དར་ན་མི་རིགས་དར་བ་དང་། ཚན་རྩལ་སྟོབས་ན་རྒྱལ་ཁབ་སྟོབས་འབྱོར་ལྡན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལྟེ་བའི་གོ་གནས་སུ་བཞག་སྟེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས། 2016ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཚན་རྩལ་ཚོགས་འདུ་གསུམ”གྱི་སྟེང་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དུང་བརྡ་བསྒྲགས། ཏང་གི་ཚོགས་ཆེན་ཉི་ཤུ་པས2035ལོར་སླེབས་དུས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་ནས་འགྲུབ་རྒྱུའི་བརྗིད་ཆེའི་འཆར་འགོད་བཟོས། 2024ལོའི་རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅིས་ཏང་ཡོངས་དང་རྒྱལ་ཡོངས་སུ་གང་མགྱོགས་སྒོས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་པའི་སྐུལ་སློང་བཀའ་རྒྱ་གནང་། ལོ་བཅུའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅིས་སྐུ་དངོས་སུ་ཇུས་འགོད་དང་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་གནང་སྟེ——“ཕྱོགས་བཞིའི”འཐབ་ཇུས་ཀྱི་ཁྲིད་ཕྱོགས་གཏན་འཁེལ་གནང་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་གང་མགྱོགས་སྒོས་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་ཐབས་ལམ་གསལ་པོ་བསྟན་ཞིང་། “འགག་རྩའི་སྲོག་ཤིང་གི་ལག་རྩལ་ནི་ལེན་ཐབས་མེད་ལ་ཉོ་ཐབས་མེད་པ། སློང་མི་ཐུབ”པ་དང་། “རྨང་གཞིའི་ཞིབ་འཇུག་ནི་ཚན་རིག་མ་ལག་ཧྲིལ་པོའི་འབྱུང་རྩ་ཡིན་པས། ལག་རྩལ་གྱི་གནད་དོན་ཡོད་ཚད་ཀྱི་སྤྱིའི་འགོ་ཁུངས་ཡིན་པ”སོགས་ཆོད་གཏམ་གལ་ཆེན་རབ་དང་རིམ་པ་བཏོན་ནས། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་ཁྲིད་སྟོན་བྱས།
ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔལ་འབྱོར་རིག་པའི་པུའུ་ཡི་དགེ་རྒན་ཆེན་མོ་ཚའེ་ཀྲི་པིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི“གོམ་སྟབས་གསུམ”གྱི་འཐབ་ཇུས་འཆར་གཞི་བཏོན་ཏེ། དམ་འཛིན་བྱེད་པའི་ཐད་ནས་སྔར་ལས་ནུས་ཤུགས་ཆེ་བ་དང་བྱེད་ཐབས་ཏན་ཏིག་སྤྱད་ནས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དགོས་པའི་བླང་བྱ་བཏོན། འགན་སྲུང་གི་ཐད་ནས། རྣམ་པ་གསར་པའི་རྒྱལ་ཡོངས་སྒྲིག་སྲོལ་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ་དང་། འགག་སྒྲོལ་ལས་འགན་གལ་ཆེན་བསྟུད་མར་སྒྲུབ་སྟེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་འདོན་སྤྲོད་བྱ་དགོས་ཞེས་བསྟན།
ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བར། རྨང་གཞིའི་ཞིབ་འཇུག་གི་དཀའ་ཁག་ལ་མི་འཛེམ་པར་མདུན་དུ་བསྐྱོད་དེ་དཔའ་ངར་ཆེར་སྐྱེད་ཀྱིས་འགག་གནད་གཏོར་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་གྱི་མདུན་དུ་ལྷགས་པའི་ལག་རྩལ་གྱི་གནད་དོན་མང་པོའི་རྩ་བ་ནི་རྨང་གཞིའི་གཞུང་ལུགས་ཞིབ་འཇུག་རྗེས་མ་ཆོད་པ་དང་། འབྱུང་རྩ་དང་འོག་རིམ་གྱི་གནད་དོན་གསལ་པོ་མ་ཤེས་པའི་རྐྱེན་རེད། རྒྱལ་ཁབ་ཀྱི་ཡུན་རིང་འཕེལ་རྒྱས་དང་བདེ་འཇགས་ཀྱི་དགོས་མཁོར་དམིགས་ནས། རང་རྒྱལ་གྱིས་འཐབ་ཇུས་རང་བཞིན་དང་། རྒྱང་ལྟའི་རང་བཞིན། མ་ལག་ཅན་གྱི་བཀོད་པ་བཅས་ལ་ཤུགས་བསྣན་ནས། བསྟུད་མར་དངུལ་གཏོང་བྱེད་ཚད་ཇེ་མང་དང་རྒྱབ་སྐྱོར་བརྟན་པོ་བྱེད་པ། འཚོལ་ཞིབ་བྱེད་པར་བསྔགས་སྐུལ་བཅས་བྱས་ཏེ། ཚན་ཞིབ་མི་སྣས་མི་མེད་ལུང་སྟོང་དུ་མཆོང་པར་སྔར་ལས་ལེགས་པའི་ཆ་རྐྱེན་བསྐྲུན་དགོས།
ཚན་རིག་གི་ཡང་རྩེར་འཛེགས་ཕོད་པའི་འཐབ་ལམ་སྟེང་། རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་ཐད་ཐོད་བརྒལ་མང་པོ་མངོན་འགྱུར་བྱུང་། ད་ལོར། ཡ་གླིང་གི་རབས་བཞི་པའི་དུས་མཉམ་འགྱེད་འཕྲོའི་འོད་ཁུངས་ཁྱོན་ཡོངས་ནས་ཚོད་ལྟའི་ངང་འཁོར་སྐྱོད་བྱས་པ་དང་། འཛམ་གླིང་སྟེང་ཆེས་ཆེ་བའི་འདུས་འགྱུར་ཕུང་པོའི་འཁོར་ཕྱོགས་ཀྱི་ཚད་བརྒལ་ཁབ་ལེན་གཟུགས་ཞིབ་འཇུག་དང་གསར་བཟོ་ལེགས་འགྲུབ་བྱུང་བ་དང་། ཆུ་འབྲས་ཉི་འགོག་ཐོན་འཕར་གྱི་རྐྱེན་སྲོལ་གསར་པ་གཏོར་བ་དང་། “ལེའུ་དགུ་མ་བཞི་པའི”ཚད་རྡུལ་རྩིས་རྒྱག་དེ་སྔར་བཞིན་འཛམ་གླིང་གི་སྔོན་གྲས་སུ་ཡོད་པ་དང་། རང་རྒྱལ་གྱིས་དངོས་པོའི་གྲུབ་ཚུལ་དང་། འཇིག་རྟེན་རིམ་འགྱུར། ཚེ་སྲོག་གི་འབྱུང་ཁུངས་སོགས་རྨང་གཞིའི་མདུན་གྲལ་ཁྱབ་ཁོངས་སུ་ཤེས་རྟོགས་ཀྱི་ཚད་མཐའ་བསྟུད་མར་རྒྱ་སྐྱེད་དེ། རྩ་སློག་རང་བཞིན་གྱི་ལག་རྩལ་ཐོད་བརྒལ་ལ་འབྱུང་རྩ་མཁོ་འདོན་བྱས།
ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི། ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་གྱི་རྒྱུན་ལས་སློབ་གཙོ་གཞོན་པ་ཕན་ཅན་ཝེ་ཡིས་བཤད་རྒྱུར། ང་ཚོའི་རྒྱལ་ཁབ་ཀྱི་གནས་བབ་འདི་འདྲ་ཞིག་བཟང་བའི་རྒྱུ་མཚན་ཅི་རེད་ཞེ་ན། དེ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་གཟིགས་རྒྱང་ཡངས་མོ་དང་མ་འོངས་པར་སྔོན་དཔོག་བྱེད་པའི་བརྡར་གཅོད་དང་ཁ་འབྲལ་ཐབས་མེད། ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། རྒྱལ་ཁབ་ཀྱིས་ཐོག་མར་མ་ལག་ཆེན་པོ་ཞིག་གི་ནང་དུ་བཀོད་སྒྲིག་བྱས་རྗེས། སྤྱི་ཁྱབ་ཧྲུའུ་ཅིས་སྐུ་དངོས་སུ་ཇུས་འགོད་དང་སྐུལ་འདེད་འོག རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གྲབས་འཛུགས་བྱས་ཏེ། རྒྱལ་ཡོངས་ཀྱི་ཚན་རིག་པ་ཚང་མས་ཁ་ཕྱོགས་ཆེན་པོ་ཞིག་གི་ཐད་ནས་ཕན་ཚུན་ལ་གཞོགས་འདེགས་བྱེད་དུ་བཅུག་པ་དང་། གལ་ཏེ་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་དེ་དག་མེད་ཚེ། འདི་ལྟ་བུའི་གསར་གཏོད་ཅིག་གིས་རྒྱལ་སྤྱི་དང་འགྲན་རྩོད་བྱེད་དཀའ།
ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་སྒུལ་ནུས་འཕེལ་བར་བྱས་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་སྒུལ་ཤུགས་སྣེ་ཁྲིད་སྔར་བས་ཇེ་ཆེ་རུ་ཕྱིན་ཡོད།
རང་རྒྱལ་གྱིས་སྒྲིག་སྲོལ་དང་ལམ་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱས་ནས་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་འགག་གནད་སེལ་ཞིང་། ཁེ་ལས་ཀྱི་གསར་གཏོད་གཙོ་གཞིའི་གོ་གནས་ལ་ཤུགས་སྣོན་དང་། གསར་གཏོད་མུ་ཕྲེང་དང་ཐོན་ལས་མུ་ཕྲེང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་། མི་ཐབས་རིག་ནུས་དང་རིག་ནུས་བཟོ་སྐྲུན་ལ་བརྟེན་ནས་ཐོན་ལས་གྲངས་འཛིན་ཅན་གྱི་རིམ་སྤོར་དང་། གསར་གཏོད་དང་ནོར་སྲིད། དངུལ་རྩས་མ་རྩ་གཏོང་སྔ་བ་དང་ཁེ་ལས་འབྲིང་ཆུང་ལ་གཏོང་བ། ཚན་རྩལ་ལ་གཏོང་བར་རྒྱབ་སྐྱོར་བྱས་པར་བརྟེན་ནས། མ་ལག་རང་བཞིན་གྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལས་ཐོན་པའི་གསར་གཏོད་ཁོར་ཡུག་བསྐྲུན། སྲོལ་རྒྱུན་ཐོན་ལས་ལྗང་མདོག་ཚུལ་སྒྱུར་བྱེད་པ་དང་གསར་དར་ཐོན་ལས་ཀྱི་ཁྱུ་ཚོགས་གྲུབ་ཏུ་བཅུག་ནས། འབྱུང་འགྱུར་ཐོན་ལས་ཀྱི་དོན་སྤྱི་ར་སྤྲོད་དེ་ཚོང་ལས་ཅན་དུ་འཕེལ་རྒྱས་བྱུང་། ད་ལྟའི་ཀྲུང་གོར། C919ཚོང་ལས་གནམ་གྲུ་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་པ་དང་། ནུས་ཁུངས་གསར་པའི་རླངས་འཁོར་གོ་ལ་ཧྲིལ་པོར་རྒྱུག་པ། དཔེ་དབྱིབས་ཆེན་པོས་ལས་རིགས་མང་པོར་སྒུལ་ནུས་བསྩལ་ཞིང་། མི་གཟུགས་འཕྲུལ་མི་ཁྲི་རིམ་པའི་ཚོང་སྤྱོད་དུས་མཚམས་སུ་སླེབས་ཡོད། མི་ཐབས་རིག་ནུས་དང་། ཚོང་ལས་མཁའ་སྐྱོད། ཀླད་འཕྲུལ་སྦྲེལ་མཐུད་སོགས་ཀྱི་ཐོན་ལས་མགྱོགས་མྱུར་ངང་བཀོད་སྒྲིག་བྱས་ཏེ། ཐུན་མོང་ཐོག་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་པར་གཞི་བརྟན་པོ་ཞིག་བཏིང་།
ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་རྣམ་པ་རྒྱ་སྐྱེད་པ་དང་སྒོ་འབྱེད་མཉམ་ལས་ཀྱི“གྲོགས་ཚོམས”ཆེ་རུ་ཕྱིན་ཡོད།
ད་ལྟ་གོ་ལ་ཧྲིལ་པོར་ཁེབས་པའི་གསར་གཏོད་ཁྱབ་ཁོངས་ཀྱི་གལ་འགངས་ཆེ་བའི་ཀྲུང་གོས་རྒྱལ་ཁབ་དང་ས་ཁུལ་160ལྷག་དང་ཚན་རྩལ་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཟིན་པ་དང་། རྒྱལ་སྤྱིའི་ཚན་རིག་ཆེན་པོའི་འཆར་གཞི་དང་ཚན་རིག་ཆེན་པོའི་བཟོ་སྐྲུན་དྲུག་ཅུ་ལྷག་ལ་ཟབ་ཞུགས་བྱས་ཡོད། ཉེ་ཆར། ཀྲུང་གོ་དང་ཡོ་རོབ་ཀྱིས་མཉམ་འབྲེལ་ཐོག་ཞིབ་བཟོ་བྱས་པའི་འཛུམ་མདངས་ཞེས་པའི་སྲུང་སྐར་དེ་གནད་ཁེལ་སྒོས་ལྟ་དཔྱད་ཚད་འཇལ་འཁོར་ལམ་དུ་འབྱོར་བ་དང་། ཚན་རིག་གི་ཐེག་ཚད་བདེ་བླག་ངང་ཕྱེ་ནས་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་རྣམ་པ་གསར་པ་བཏོད་ཡོད།
ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི“འཛུམ་མདངས”སྲུང་སྐར་གྱི་ཀྲུང་གོ་ཕྱོགས་ཀྱི་དབུ་བཞུགས་ཚན་རིག་པ་ཝང་ཁྲི་ཡིས་བཤད་རྒྱུར། ང་ཚོས་ཐུན་མོང་གི་ཞིབ་འཇུག་དང་བཟོ་སྐྲུན་ལས་དོན་སྤེལ་བ་དང་། ང་ཚོས་མ་འོངས་པར་ད་དུང་ཐུན་མོང་དུ་བེད་སྤྱོད་བྱ་དགོས། མིའི་རིགས་ཀྱིས་ང་ཚོའི་སའི་གོ་ལའི་ཁབ་ལེན་བང་རིམ་ལ་ཁྱོན་ཡོངས་ནས་བརྙན་གྲུབ་བྱས་ཏེ་མིའི་རིགས་ཡོངས་ཀྱི་བདེ་སྐྱིད་ལ་ཞབས་འདེགས་ཞུ་རྒྱུ་རེད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་ས་གསར་པར་འགྲེང་ཏེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་ལོ་དགུའི་འགག་སྒྲོལ་དམིགས་འབེན་ལས་རྣམ་པར་རྒྱལ་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག རྒྱ་ཆེའི་ཚན་རྩལ་ལས་བྱེད་པ་རྣམས་ཀྱིས“ལོ་གང་མང་རིང་གི་ཞིབ་བརྡར”གྱི་ཆོད་སེམས་བརྟན་པོ་དང་ཞུམ་མེད་ཀྱི་སྙིང་སྟོབས་ཀྱིས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད།