ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས7ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞོད་འགོད་རྒུད་སྐྱོབ་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས། ཡིག་ཆའི་དགོངས་དོན་བཅས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ནས། ཞོད་འགོད་རྒུད་སྐྱོབ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ཆེད་དོན་འཆར་འགོད་སྒྲིག་བཟོ། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར། སྤུས་ཚད་མཐོ་བའི་ལས་ཞུགས་ལེགས་པོ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར། འཛད་སྤྱོད་སྐུལ་སྤེལ། སྲིད་གཞུང་དང་ཁྲིམས་ཁང་མཉམ་འགུལ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞོད་འགོད་རྒུད་སྐྱོབ་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་སྟེང་ཏན་ཏིག་གིས་གཅིག་གྱུར་བྱས་ཏེ། ཚད་མཐོའི་བསམ་བློ་དང་མཐར་ཐུག་བསམ་བློ་བརྟན་པོར་འཛུགས་པ། བག་གཡེང་བསམ་བློ་དང་སྟེས་དབང་བསམ་ཚུལ་མཐའ་གཅིག་ཏུ་སེལ་ཐབས་བྱེད་པ། འགན་འཁྲི་དངོས་འབེབས་ནན་མོ་བྱེད་པ། ཚད་ལེན་སྔོན་བརྡ་ཇེ་དྲག་ཏུ་གཏོང་བ་དང་། ཉེན་ཁའི་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་ཟབ་མོ་བྱེད་པ། ལས་རེས་ལས་སྲུང་ནན་མོ་བྱེད་པ་དང་། ཞོད་འགོག་ཐན་འགོག་དང་ཉེན་སྐྱོབ་རྒུད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་ཏན་ཏིག་གིས་ལེགས་པོར་བསྒྲུབ་ནས། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་འཇགས་ལ་སྲུང་སྐྱོང་བྱེད་དགོས།

གྲོས་ཚོགས་ལས་རྒྱལ་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པའི་སྐུལ་སློང་བཀོད་སྒྲིག་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། རྒྱལ་དབང་ཁེ་ལས་དང་རྒྱལ་དབང་མ་རྩ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། སྲོག་ཤིང་ནུས་པར་བསྟུད་མར་ཤུགས་སྣོན་པ་དང་ལྟེ་བའི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་བཏང་སྟེ། རྒྱལ་དབང་དཔལ་འབྱོར་གྱི་གཙོ་ཁྲིད་ནུས་པ་སྔར་ལས་འདོན་སྤེལ་བྱེད་དགོས།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང《མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་གཞི་རྩའི་སྤྱི་བའི་ཞབས་ཞུ་འདྲ་མཉམ་ཅན་གྱི་འཆར་འགོད》དང་། 《མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་འཆར་འགོད།》 《མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྒྱལ་དམངས་བདེ་ཐང་འཆར་འགོད། 》《མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ལས་ཞུགས་སྐུལ་འདེད་འཆར་འགོད།》 《མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྒན་གསོ་ཞབས་ཞུ་འཕེལ་རྒྱས་འཆར་འགོད》བཅས་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་བའི་ཆ་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། འཆར་འགོད་ཀྱི་སྲ་གཤིས་ཚོད་འཛིན་ཇེ་དྲག་ཏུ་གགཏོང་བ། ལས་གཞིའི་འདེགས་སྐྱོར་ཇེ་བརྟན་དུ་གཏོང་བ། གཙོ་གནད་ལས་འགན་དངོས་འབེབས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དམངས་ཚིས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལས་ཞུགས་བརྟན་པོ་དང་རྒྱ་སྐྱེད་སྤུས་འདེགས་ཀྱི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ཐོན་ལས་དང་ལས་ཞུགས་མཐུན་སྦྱོར་ལ་ཤུགས་སྣོན་པ། ཚོགས་པ་གཙོ་བོའི་ལས་ཞུགས་དམ་འཛིན་ནན་མོ་བྱེད་པ་དང་། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ། སྤུས་ཚད་མཐོ་བའི་ལས་ཞུགས་ལེགས་པོར་སྐུལ་འདེད་གཏོང་དགོས། རེས་སྐོར་གསར་བའི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཐད་ཀར་དྲིལ་སྒྲོག་དང་མྱུར་དུ་མཉམ་སྤྱོད་བྱེད་པ་སོགས་ཀྱི་དངོས་དོན་ཁག་བཅུ་དམ་འཛིན་ལེགས་པོ་བྱས་ནས། ཚོང་ལས་ལ་མཐོང་ཆེན་དང་ཁེ་ལས་ལ་བཅར་བའི་ཁོར་ཡུག་ལེགས་པོ་བསྟུད་མར་བསྐྲུན་དགོས།

གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི2026ལོར་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ལག་བསྟར་བྱེད་པའི་སྲིད་ཇུས》དང་། 《འཛད་སྤྱོད་དང་ནང་མཁོ་རྒྱ་སྐྱེད་པ་དང་བར་སྟོང་གསར་བ་ཇེ་ཆེར་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ》ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་བའི་ཆ་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གསར་བ་གཉིས་ཀྱི་སྲིད་ཇུས་ཀྱི་ནུས་པ་བསྟུད་མར་ཇེ་ཆེར་གཏོང་བ་དང་། འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། ནང་མཁོ་རྒྱ་སྐྱེད་པ་དང་བར་སྟོང་གསར་བ་ཧུར་ཐག་གིས་ཇེ་ཆེར་གཏོང་དགོས།

གྲོས་ཚོགས་སྟེང《སྲིད་སྲིད་གཞུང་དང་ཁྲིམས་ཁང་མཉམ་འགུལ་གྱི་བྱ་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བྱེད་ཐབས་བཅུ》ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་བའི་ཆ་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མི་དམངས་སྲིད་གཞུང་དང་མི་དམངས་ཁྲིམས་ཁང་གི་མཉམ་ལས་མཉམ་འགུལ་ལ་ཤུགས་སྣོན་པ་དང་། ཁྲིམས་མཐུན་སྲིད་འཛིན་དང་འདྲ་མཉམ་ཁྲིམས་འཛིན་གྱི་ནུས་པ་འདོན་པར་སྐུལ་འདེད་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང《མཚོ་སྔོན་ཞིང་ཆེན་གྱི་སྤྱི་བའི་རིག་གནས་ཞབས་ཞུའི་འགན་སྲུང་སྲོལ་ཡིག་གི་འཆར་ཟིན》དང་། 《མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་ལས་དོན་དོ་དམ་སྲོལ་ཡིག་གི་འཆར་ཟིན》ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་བའི་ཆ་ནས་གྲོས་འཆམ་བྱུང་བ་དང་། རིམ་པ་བཞིན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད།

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།