ཟླ7པའི་ཚེས7ཉིན། ཞང་ཀང་དང་ཨའོ་མོན་གྱི་ལོ་ཆུང་གཞོན་ནུའི“མེས་རྒྱལ་ལ་ལྟ་བ་དང་། མཚོ་སྔོན་ལ་ལྟ་བ། མཐུན་སྒྲིལ་ལ་སྐུལ་བ། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བ། སྟོབས་ཤུགས་གཅིག་སྒྲིལ་སྒོས་ཀྲུང་གོའི་ཕུགས་མདུན་མཉམ་དུ་ལོངས་སུ་སྤྱོད་པ།”ཅེས་པའི་བློ་སེམས་གཅིག་མཐུན་གྱི་སྤྱི་ཕན་སློབ་ཞིབ་བྱ་འགུལ་ཟི་ལིང་གྲོང་ཁྱེར་དུ་སྤེལ་འགོ་བརྩམས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་བྱ་འགུལ་ལ་ཞུགས་པར་མ་ཟད་སློབ་ཞིབ་ཚོགས་པར་དར་ཆ་སྤྲད།
ཐེངས་འདིའི་སློབ་ཞིབ་བྱ་འགུལ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞང་ཀང་དམིགས་གསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་དམངས་སྲིད་དང་ན་གཞོན་ལས་དོན་ཅུས། གུང་གཞོན་ཚོགས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། དམིགས་ཡུལ་ནི་ཞང་ཀང་དང་ཨའོ་མོན་གྱི་ན་ཆུང་གཞོན་ནུའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་བྱེད་པ་དང་། ཞང་ཀང་དང་ཨའོ་མོན་གྱི་ན་ཆུང་གཞོན་ནུའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་ཤེས་རྟོགས་དང་། རྒྱལ་ཁབ་ཀྱི་བརྩེ་སེམས་གསོ་སྐྱོང་བྱེད་པར་སྣེ་ཁྲིད་བྱས་ཏེ། “སྐྱིད་སྡུག་མཉམ་མྱོང་དང་། གཟི་བརྗིད་དང་ངོ་ཚ་མཉམ་ཁུར། ཤི་གསོན་མཉམ་གནས། ལུས་དབང་གཅིག་མཐུན།”བཅས་ཀྱི་ཐུན་མོང་གཞི་གཅིག་གི་འདུ་ཤེས་བཙུགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་ཆེད་ཡིན། བྱ་འགུལ་དེས“རྒྱལ་ཁབ་བརྩེ་སེམས་ཀྱི་ཆབ་སྲིད་བསམ་བློའི་སློབ་གསོ”སྲོག་ཤིང་བྱས་ཏེ། ནན་ཏན་སྒོས་སློབ་ཞིབ་ལམ་ཐིག་འཆར་འགོད་བྱས། དུས་ཡུན་ཉིན་བརྒྱད་ཀྱི་སློབ་ཞིབ་ཁྲོད། ཞང་ཀང་དང་ཨའོ་མོན་གྱི་དགེ་སློབ110ལྷག་མཚོ་སྔོན་གྱི་ས་གནས་སོ་སོར་ཟབ་ཞུགས་བྱས་ཏེ། གཏིང་ཟབ་མྱོང་རོལ་གྱི་རྣམ་པས་མཐོ་སྒང་གི་སྐྱེ་ཁམས་མཛེས་སྡུག་དང་གསར་བརྗེའི་རིག་གནས། མི་རིགས་མཐུན་སྒྲིལ་གྱི་སྣང་ཚུལ་བཅས་ལ་རོལ་མྱོང་དང་། ཡུལ་དངོས་སུ་སོང་ནས་མེས་རྒྱལ་གྱི་འཕེལ་རྒྱས་གྲུབ་འབྲས་དང་མཐུན་སྒྲིལ་ཡར་བརྩོན་གྱི་ཐུན་མོང་འདུ་ཤེས་ལ་རོལ་མྱོང་བྱས།
རྒྱུས་ལོན་པ་ལྟར་ན། ཞང་ཀང་དང་ཨའོ་མོན་གྱི་ན་ཆུང་གཞོན་ནུའི་མཚོ་སྔོན་སློབ་ཞིབ་བརྗེ་རེས་བྱ་འགུལ་བསྟུན་མུར་ལོ་བཞི་ལ་སྤེལ་བ་དང་། ལོ་སྔོན་མ་གསུམ་ལ་ཁྱོན་སྡོམ་ན་ཆུང་གཞོན་ནུ500ལྷག་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ལ་རྒྱུས་ལོན་བྱས་ཏེ། བྱ་འགུལ་གྱི་ནང་དོན་དང་མྱོང་སྣང་ཕུན་སུམ་ཚོགས་པ་བྱུང་བས། ཞང་ཀང་དུ་ཀུན་གྱིས་བསྔགས་བརྗོད་བྱ་ཡུལ་གྱི་བྱ་འགུལ་སྤུས་རྟགས་སུ་གྱུར་ཡོད། སློབ་ཞིབ་བྱ་འགུལ་དུ་ཞུགས་པའི་ཞང་ཀང་དང་ཨའོ་མོན་གྱི་ན་ཆུང་གཞོན་ནུས་བསྟན་དོན། ནན་ཏན་སྒོས་ཐེངས་འདིའི་འགྲུལ་བཞུད་ལ་མྱོང་རོལ་བྱས་ཏེ། མཚོ་སྔོན་གྱོ་མཐོང་ཐོས་མྱོང་གསུམ་ཕྱིར་རང་ཡུལ་དུ་ཁྱེར་ནས། དོན་དངོས་དང་མཐུན་པའི་སྒོ་ནས་མཚོ་སྔོན་གྱི་གཏམ་རྒྱུད་བརྗོད་པ་དང་མེས་རྒྱལ་འཕེལ་རྒྱས་ཀྱི་གོམ་སྒྲ་བརྒྱུད་སྒྲོག་བྱས་ཏེ། མཚོ་སྔོན་དང་ཞང་ཀང་། ཨའོ་མོན་བརྗེ་རེས་ཀྱི་ན་གཞོན་ཕོ་ཉ་བ་བྱེད་རྒྱུ་ཡིན་ཟེར།