ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་གི་སྐོར་ནས་ཆེད་དོན་འདྲི་རྩད་ཀྱི་གྲ་སྒྲིག་ལས་ཀ་བསྒྲུབས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས6ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་གནས་ཚུལ་སྐོར་ནས་ཆེད་དོན་འདྲི་རྩད་སྤེལ་འགོ་བརྩམས་པའི་གྲོས་ཚོགས་བསྡུས་ཏེ། ལས་ཀའི་གནས་ཚུལ་སྙན་ཞུར་ཉན་པ་དང་ཆེད་དོན་འདྲི་རྩད་ཀྱི་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ཐེངས་ཀྱི་ཆེད་དོན་འདྲི་རྩད་སྤེལ་བ་ནི་ཁྲིམས་ལྟར་ལྟ་སྐུལ་འགན་དབང་ལག་བསྟར་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན། དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་དང་ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཕུགས་ཀྱི་བྱེད་ཐབས་ཤིག་ཏུ་བརྩིས་ནས། “ལྟ་སྐུལ་བྱེད་ཤུགས”ལ་བརྟེན་ནས་དམངས་འཚོའི་དྲོད་ཚད”བརྒྱུད་སྤྲོད་བྱེད་ཀྱིན་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཚན་རིག་དང་མཐུན་པའི་སྒོ་ནས་དམངས་ཆེན་ལྟ་སྐུལ་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྩོད་སྒྲུབ་གཅིག་གྱུར་ཁོང་དུ་ཆུད་པར་བྱས་ཏེ། ལྟ་སྐུལ་གྱི་ཁྲོད་ནས་རྒྱབ་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཆེད་དོན་འདྲི་རྩད་བྱེད་སྐབས་ངེས་པར་དུ་ལྟ་སྐུལ་གྱི་སྲ་མཁྲེགས་རང་བཞིན་མཚོན་པར་བྱེད་པ་དང་། བདེ་ཐང་སླར་གསོའི་ཞབས་ཞུ་དང་ལས་ཞུགས་ལས་གནས་བརྟན་པོ་སོགས་ཀྱི་ལྟེ་བའི་དམིགས་ཚད་ལ་གཞིགས་ཏེ། གནད་དོན་བཙལ་བ་ཡང་དག་པ་དང་འབྱུང་རྩ་སྔོག་པ་གཏིང་ཟབ་ཡོང་བར་བྱེད་དགོས། འདྲི་རྩད་བྱེད་སྐབས་རྣམ་འགྱུར་སྟོན་པར་བདེན་འཚོལ་དངོས་གཉེར་གྱི་བསམ་པ་བཟུང་ནས། ལན་བཏབ་པ་དོན་དངོས་ཡིན་པ་དང་གནད་དོན་ལ་དབྱེ་ཞིབ་བྱས་པ་གཏིང་ཟབ་པ། བྱེད་ཐབས་མཁྲེགས་པོ་འདོན་པ་བཅས་བྱེད་དགོས།

གྲོས་ཚོགས་ལས་བླང་བྱ་བཏོན་དོན། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས། བརྒྱུད་རིམ་ཧྲིལ་པོར་སྤུས་ཚད་མཐོ་ཞིང་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས། ཞིང་ཆེན་དམངས་ཆེན་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གིས་ཀུན་གྱི་སྣེ་ཁྲིད་དེ་མཉམ་འབྲེལ་རྟོག་ཞིབ་ཚན་ཆུང་བཙུགས་ནས་ཡུལ་དངོས་དང་པོར་བསྐྱོད་དེ། གནས་ཚུལ་དངོས་གསལ་རྟོགས་བྱས་ཏེ། མི་དང་དོན་དག་དང་གཞི་གྲངས་བཅས་མཐོང་བའི་རྟོག་ཞིབ་སྙན་ཞུ་གྲུབ་པར་བྱས་ནས། ཆེད་དོན་འདྲི་རྩད་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས། འདྲི་རྩད་བྱེད་དགོས་པའི་ལས་ཁུངས་སོ་སོས་འབྲེལ་ཡོད་ལས་ཀ་སྔོན་ལ་གྲ་སྒྲིག་བྱེད་དགོས་པ་དང་། འགན་ཁུར་བ་གཙོ་བོས་ངེས་པར་དུ་གནད་དོན་ལ་ཐད་ཀར་ཁ་གཏད་འཇལ་བ། འགན་ཁུར་བའི་རྣམ་འགྱུར་བཟུང་ནས་མང་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་གསལ་བོ་སྟེར་དགོས། ཞིང་ཆེན་སྲིད་གཞུང་གིས་འདྲི་རྩད་བྱེད་དགོས་པའི་ཁས་ལེན་བྱ་བ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། དག་ཐེར་ལེགས་བཅོས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་རེ་ལྟོས་ལ་ལན་འདེབས་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།