མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས5ཉིན་གྱི་དགོང་མོར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ་ཡིས་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་དང་མཉམ་འབྲེལ་སྒོས་བསྒྲུབས་པའི“དགོངས་པའི་སྣེ་ཁྲིད་དང་ལེའུ་གསར་པ་མཉམ་དུ་རྩོམ་པ། ·སྲིད་གཙང་གཞུང་ལུགས་བུམ་པ”ཡི། ཞིང་ཆེན་ཡོངས་ཀྱི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་འགྲན་སྡུར་ཆེན་མོའི་གྲུབ་འབྲས་སྙན་འབུལ་སྐབས་གསུམ་པ་དང་བྱ་དགའ་སྟེར་བའི་མཛད་སྒོ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་མཛད་སྒོར་ཞུགས་ཏེ་བྱ་དགའ་བྱིན།
བྱེད་སྒོ་སྤེལ་ཡུལ་དུ་བྱ་དགའ་ཐོབ་པའི་བདམས་ཐོན་པ་ཁག་ཅིག་གིས་རང་གི་ཉེ་འཁོར་གྱི་གནས་ཚུལ་ལ་གཞི་བཅོལ་ཏེ་དུས་རབས་ཀྱི་འཕོ་འགྱུར་སྐོར་གླེང་བ་དང་། ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ལ་བརྟེན་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་གཏམ་རྒྱུད་དང་སྔོན་ཐོན་དཔེ་མཚོན་གྱི་བྱས་རྗེས་གླེང་། དེའི་ནང་སྙན་ཞུའི་རྣམ་པའི་སྒྲོག་འགྲེལ་བདམས་ཐོན་པས་སྐད་ཆ་སྤྱིར་བཏང་གི་ཐོག་ནས་རིགས་པའི་གཞུང་ལུགས་ཀྱི་ནང་དོན་གསལ་འགྲེལ་བྱས་ནས། “གནས་ལུགས་ཆེན་པོ”དེ“གཏམ་རྒྱུད་ཆུང་གྲས”སུ་འགྱུར་བར་བྱས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་སུ་སིམ་རྒྱུར་སྐུལ་འདེད་བཏང་བར་མ་ཟད། “རིགས་པའི་གཞུང་ལུགས་དང་རིག་རྩལ”ཟུང་འབྲེལ་རྣམ་པའི་སྒྲོག་འགྲེལ་ཚོགས་པས་སྣང་ཚུལ་ཟློས་གར་དང་གར་ཆུང་། ཁ་ཤགས། གླུ་གར། རོལ་ཆས་འཁྲབ་སྟོན་སོགས་ལྟ་འདོད་ཆེ་བའི་སྒྱུ་རྩལ་ཐབས་ལམ་ལ་བརྟེན་ནས། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གཏིང་ཟབ་བྱས།
ད་ཐེངས་ཀྱི་བྱེད་སྒོ་དེ་ཟླ3པའི་ནང་དངོས་སུ་འགོ་བརྩམས་པ་ནས་བཟུང་། སྙན་ཞུའི་རྣམ་པའི་སྒྲོག་འགྲེལ་དང་། “རིགས་པའི་གཞུང་ལུགས་དང་རིག་རྩལ”ཟུང་འབྲེལ་རྣམ་པའི་སྒྲོག་འགྲེལ། སྒྲོག་འགྲེལ་མ་ཟིན་དཔྱད་བསྡུར། སྒྲོག་འགྲེལ་བརྙན་རིས་ཆུང་གྲས་དཔྱད་བསྡུར་བཅས་རྣམ་པ་བཞིར་དགར་ཏེ། གྲོང་ཁྱེར་དང་ཁུལ་8དང་། རྫོང་དང་གྲོང་ཁྱེར། ཆུས་བཅས45། མ་ལག6བཅས་ཀྱི་སྟེང་ནས་མཉམ་དུ་སྤེལ་བ་དང་། བསྡོམས་རྩིས་བྱས་ན་སྙན་ཞུའི་རྣམ་པའི་སྒྲོག་འགྲེལ་པ762དང་། “རིགས་པའི་གཞུང་ལུགས་དང་རིག་རྩལ”ཟུང་འབྲེལ་རྣམ་པའི་སྒྲོག་འགྲེལ་དཔུང་སྡེ371རྟིང་རྩོད་ཀྱི་འགྲན་བསྡུར་ནང་ཞུགས་པ་དང་། ཐོག་མའི་སྒྲོག་འགྲེལ་མ་ཟིན627དང་། བརྙན་རིས་ཆུང་གྲས་ཀྱི་བརྩམས་ཆོས387མཐའ་མའི་དཔྱད་བསྡུར་ནང་ཞུགས་ཡོད། རིམ་པ་རེ་རེ་བཞིན་འདེམས་སྒྲུག་དང་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། སྒྲོག་འགྲེལ་འགྲན་བསྡུར་ཆེན་མོ་བདེ་བླག་ངང་མཇུག་བསྡུས། ལེ་ཡུང་སོགས་ཚན་ཆུང14ཡི་བདམས་ཐོན་པ་དང་། “རིགས་པའི་གཞུང་ལུགས་དང་རིག་རྩལ”ཟུང་འབྲེལ་རྣམ་པའི་ལེ་ཚན་རྩེ་གྲ7། ཕུལ་བྱུང་སྒྲོག་འགྲེལ་མ་ཟིན11། ཕུལ་བྱུང་བརྙན་ཐུང10བཅས་ཀྱིས་གཟེངས་སུ་ཐོན་པའི་སྒོ་ནས་བྱ་དགའ་སྣ་ཚོགས་བླངས། ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་སོགས་ལས་ཁུངས6ལ་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་བྱིན།