ད་ལོ་ནི་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཡོངས་སུ་ཤར་གཏོང་བྱས་ནས་ལོ20འཁོར་བའི་ལོ་ཡིན། ལོ་ཉི་ཤུའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དགེ་མཚན་ལ་བརྟེན་ནས། ལྕགས་ལམ་དང་རིག་གནས་ཡུལ་སྐོར། སྐྱེ་ཁམས་གསུམ་མཉམ་འདྲེས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏིང་ཟབ་བཏང་ཞིང་། རྒྱུན་ཆད་མེད་པར་དམངས་ཕན་ཁེ་ཕན་བསྩལ་བས། མཚོ་སྔོན་རིག་གནས་ཡུལ་སྐོར་དར་རྒྱས་ལ་སྐུལ་འདེད་དང་། མཐོ་སྒང་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གསེར་གྱི་ལམ་བུར་འགྱུར་བར་རོགས་འདེགས་བྱས། ཟླ6པའི་ཚེས29ཉིན། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་སྔོན་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་ཐོན་ཁུངས་མང་པོ་སྤྱི་འདོམས་བྱས་ཏེ་ཕྲེང་བསྟར་གྱི་རིག་གནས་ཡུལ་སྐོར་དམངས་ཕན་བྱེད་ཐབས་སྤེལ་ནས། ཁྱོན་ཡོངས་ནས་ལམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་དཔལ་འབྱོར་ལ་གསོན་ཤུགས་སྩོལ་རྒྱུ་རེད།
ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་སྒོར་བྱེ་བ་གཉིས་དང་ས་ཡ་བརྒྱད་ཀྱི་རིག་གནས་ཡུལ་སྐོར་འཛད་སྤྱོད་བྱང་བུའི་མ་དངུལ་གཅིག་འདོམས་བྱས་ཏེ། ལྕགས་ལམ་དང་། དྲ་ཐོག་ཡུལ་སྐོར་ཁང་། དེ་ནས་རིག་གནས་ཡུལ་སྐོར་ཁེ་ལས་བཅས་མཉམ་སྒུལ་བྱས་ཏེ་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་སྤེལ། ལམ་ཐིག་ལྗོངས་རྒྱུའི་ཐོན་རྫས་ཀྱི་ཆེས་མཐོའི་ཁ་གསབ་སྒོར1000དང་། ཞག་སྡོད་ཐོན་རྫས་ལ་ཆེས་མཐོ་སྒོར200འཕྲི་བ། མེ་འཁོར་འཛིན་བྱང་ཆེས་མཐོ་སྒོར20འཕྲི་རྒྱུ་རེད། ལྗོངས་རྒྱུའི་མེ་འཁོར་གྱི་འགྲུལ་བས་ལྗོངས་ཁུལ་ནས་རིམ་པ་དགར་ཏེ་ཉུང་འཕྲི་དང་རིན་མེད་ལོངས་སྤྱོད་བྱེད་ཐུབ་ལ། དམག་ཞབས་དམག་མི་དང་། ལོ60ཡན་གྱི་རྒན་པ་ཡན་ལ་རྒྱལ་དབངAརིམ་པའི་ལྗོངས་ཁུལ་གྱི་བགྲོད་ལམ་དང་པོའི་འཛིན་བྱང་རིན་མེད་དུ་བཏང་། མཐོ་རྒྱུགས་དང་འབྲིང་རྒྱུགས་ཀྱི་མཐར་ཕྱིན་སློབ་མ་ཁམས་ར་དང་སྟོང་རི་ལྷ་མཚོ་སོགས་ཀྱི་ལྗོངས་ཁུལ་དུ་རིན་མེད་དུ་བསྐྱོད་ཆོག
2025ལོ་ནས་བཟུང་། སྔ་རྗེས་སུ་དར་གོས་ཚོང་ལམ་གྱི་ཕུགས་བསམ་ལོངས་སྤྱོད་རྟགས་མ་དང་། རྒན་པའི་མེ་འཁོར། མེ་ཏོག་ལ་གཟིགས་པའི་མེ་འཁོར་སོགས་བརྗོད་དོན་མེ་འཁོར129གསར་འདོན་བྱས་ཤིང་། སྣེ་ལེན་བྱས་པའི་འགྲུལ་བ་མི་ཐེངས་ཁྲི་གསུམ་ལས་བརྒལ་བ་དང་། བརྗོད་དོན་ལམ་ཐིག་གཙོ་བོ་དྲུག་གསར་སྐྲུན་བྱས་ཏེ། མཚོ་སྔོན་པོ་དང་། ཚྭ་ཁ་ཚྭ་མཚོ། མརྒད་མཚོ་སོགས་སྲོག་ཤིང་ལྗོངས་ཁུལ་སྦྲེལ་མཐུད་བྱས། 2016ལོའི“ནམ་མཁའི་མེ་ལོང་རྟགས་མ”ཡི་ལྗོངས་རྒྱུའི་མེ་འཁོར་གསར་གཏོང་བྱས་པ་ནས་བཟུང་། བསྡོམས་རྩིས་སུ་འགྲུལ་བ་མི་ཐེངས་འབུམ་གཉིས་སྐྱེལ་འདྲེན་བྱས་ཏེ། ས་གནས་ལྗོངས་རྒྱུར་སྣེ་ཁྲིད་བྱས་ཏེ་ཡོང་སྒོ210%ཡི་འཕར་སྣོན་བྱུང་། མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གིས་ལྕགས་ལམ་གྱི་ཕན་ཁེ་ལ་བརྟེན་ནས། གངས་རིའི་སྣེ་ཤན་གྱི་ངལ་ལས་སྤུས་རྟགས་གསོ་སྐྱོང་བྱས་ཏེ། ལོ་འཁོར་གྱི་ལས་ཞུགས་མི་ཐེངས་སྟོང་གསུམ་ལྷག་སྣེ་ཁྲིད་བྱས་ནས། ལོ་འཁོར་གྱི་ངལ་ལས་སྤྱིའི་ཡོང་སྒོ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་ལྷག་ལས་བརྒལ་ཞིང་། དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བྱུང་སྟེ། ལྕགས་ལམ་གྱི་སྐྱེལ་འདྲེན་ལ་བརྟེན་ནས། ས་གནས་མགྲོན་ཁང་གྲངས་ཀ་ལོ་བཅུའི་ནང་ལྡབ3.8འཕར་སྣོན་བྱུང་།
ཤུལ་བཞག་མེ་འཁོར་དུ་ཞུགས་པའི་རྣམ་གྲངས་གསར་གཏོད་དངོས་འབེབས་བྱུང་སྟེ། འཁོར་སྒམ་ལ་བརྟེན་ནས་འགུལ་སྐྱོད་རང་བཞིན་གྱི་ཤུལ་བཞག་ཉམས་ལེན་གསར་སྐྲུན་བྱས་ཤིང་། ལོ་རེར་ཆ་སྙོམས་ཐང་ཁ་དང་། རྨ་ཙོང་གཙགས་དྲུབ། རི་གླུ་འགྲེམ་འཁྲབ་བྱས་པ་ཐེངས་བརྒྱ་ལས་བརྒལ་ལ། ལྗོངས་འགྲུལ་མི་ཐེངས་ཁྲི་གཉིས་ལྷག་ཁྱབ། མེ་འཁོར་གྱི་སྟེང་དུ་མཉམ་གཅིག་ཏུ་ཡུལ་སྐོར་ཐོན་རྫས་འགྲེམ་ཚོང་ཁུལ་བཙུགས་ནས། འཕང་འབྲས་དང་། སྐམས་ཤའི་ཤ་སྐམ། ཤུལ་བཞག་ལག་བཟོས་སྒྱུ་རྩལ་ཐོན་རྫས་ཐད་ཀར་རྒྱལ་ཡོངས་ཀྱི་ཁྲོམ་རར་སླེབས་ལ། ལམ་རྒྱུད་ཀྱི་ཤུལ་བཞག་རིག་གནས་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་ལོ་རེའི་ཡོང་སྒོ་སྒོར་ཁྲི་ཡི་ཡན་དུ་སླེབས། ལྕགས་ལམ་འགྲུལ་བའི་འགྲོ་སྐྱོད་ཀྱིས་ཁྱོན་ཡོངས་ནས་རིག་གནས་ཡུལ་སྐོར་ཐོན་ལས་སྦྲེལ་ཐག་ཡོངས་ལ་གསོན་ཤུགས་བསྩལ་ཏེ། ཞིང་ཆེན་ཡོངས་ཀྱི་གསོལ་མགྲོན་ཁང་དང་དམངས་སྲོལ་ཞག་སྡོད་ཉིས་བརྒྱ་ལྷག་བཏོན་ནས། ཚ་གཡོལ་ཁམས་གསོ་དང་། གངས་རིའི་ཁྱིམ་ཚང་མཉམ་སྐྱོད་སོགས་ཁྱད་ལྡན་ཐོན་རྫས་སྤེལ་བ་དང་། རིག་གནས་ཡུལ་སྐོར་ལས་རིགས་ལ་བསྡོམས་རྩིས་སུ་ལས་ཞུགས་མི་གྲངས་ཁྲི་ལྔ་གསར་སྣོན་བྱུང་། ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་པ་ཡུན་སྡེ་བའི་དམངས་སྲོལ་ཞག་སྡོད་གྱི་ལོ་རེའི་ཡོང་སྒོ་སྒོར་ཁྲི་དྲུག་ནས་འབུམ་གཅིག་ལ་སླེབས་ཤིང་། མདའ་བཞི་རྫོང་གིས་ཞིབ་འཇུག་སློབ་སྦྱོང་གི་མེ་འཁོར་ལ་བརྟེན་ནས་གསར་བརྗེའི་ཐོན་ཁུངས་ཟབ་འདོན་བྱས་ལ། ཞིབ་འཇུག་སློབ་སྦྱོང་ཐོན་ལས་ཀྱི་ཡོང་སྒོ་སྒོར་བྱེ་བ་གཅིག་ལས་བརྒལ།
མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་ཁུར་པས་བཤད་རྒྱུར། མེ་འཁོར་ཤར་གཏོང་བྱས་ནས་ལོ20འཁོར་བའི་འགོ་རྩོམ་ས་གསར་བར་རྐང་ཚུགས་ཏེ། རྒྱུན་ཆད་མེད་པར་ལྕགས་ལམ་དང་རིག་གནས་ཡུལ་སྐོར། སྐྱེ་ཁམས་བཅས་མཉམ་འདྲེས་ཟབ་སྤེལ་བྱས་ནས། ཁོངས་བརྒལ་འགྲུལ་བའི་ཐོན་ཁུངས་ཕན་ཚུན་ལ་སྐྱེལ་བ་དང་ལམ་ཐིག་མཉམ་སྐྲུན་བྱེད་པ་ཟབ་སྤེལ་བྱེད་པ་དང་། ལམ་ཐིག་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། མེ་འཁོར་སྟེང་ནས་ལྗོངས་གཟིགས་བྱེད་པ་དང་། མེ་འཁོར་ལས་བབས་རྗེས་ཉམས་ལེན་ཞིབ་མོ་བྱེད་པའི་ཚན་པ་ཆ་ཚང་བ་གསར་སྐྲུན་བྱས་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་མགྱོགས་པོར་བསྐྲུན་པ་དང་། ས་གནས་སོ་སོའི་འགྲུལ་བ་མཁའ་ལམ་གྱི་མེ་འཁོར་ལ་བསྡད་དེ། རབ་མཛེས་མཚོ་སྔོན་གྱི་རི་ཆུ་མཛེས་ལྗོངས་ལོངས་སུ་སྤྱོད་པར་གདན་ཞུ་ཞུས།