ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བཟོ་ཚོགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གསར་བརྗེའི་གློག་བརྙན་ལྟ་བའི་བརྗོད་དོན་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བཟོ་ཚོགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་དུ། “ཐོག་མའི་བསམ་འདུན་དྲན་གསོ་དང་འཐབ་ལམ་གསར་པར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་གློག་བརྙན་ལྟ་བའི་བྱེད་སྒོ་སྤེལ་ཏེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་པ200ལྷག་རྩ་འཛུགས་བྱས་ནས། གསར་བརྗེའི་ལོ་རྒྱུས་བརྗོད་བྱ་ཡིན་པའི་གློག་བརྙན《ཁྲི་ཧྲུའེ་ཆུ་བོ་ཐེངས་བཞིར་བརྒལ་ནས་མཚར་དམག་ཐོན》ཞེས་པར་བལྟས།  བྱེད་སྒོའི་དམིགས་ཡུལ་ནི་ཏང་ཡོན་ལས་བྱེད་པར་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་ཏང་གི་འབད་འཐབ་བརྒྱུད་རིམ་བསྐྱར་དྲན། ཕུགས་བསམ་དང་དད་སེམས་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་བ། ལས་སྒྲུབ་ལས་སྐྲུན་གྱི་འབད་བརྩོན་སྟོབས་ཤུགས་གཅིག་སྡུད་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་ཆེད་ཡིན།

གློག་བརྙན《ཁྲི་ཧྲུའེ་ཆུ་བོ་ཐེངས་བཞིར་བརྒལ་ནས་མཚར་དམག་ཐོན》ཞེས་པའི་གློག་བརྙན་གྱིས་ཀྲུང་དབྱང་དམར་དམག་གིས་ཁྲི་ཧྲུའེ་ཆུ་བོ་ཐེངས་བཞིར་བརྒལ་བའི་ངོ་མཚར་ཆེ་བའི་གཡུལ་འགྱེད་ཡང་བསྐྱར་ཀུན་གྱི་མཐོང་ལམ་དུ་མངོན་པར་བྱས་ཡོད། དགྲ་ཕྱོགས་དང་རང་ཕྱོགས་ཀྱི་དམག་ཤུགས་ལ་ཁྱད་པར་ཧ་ཅང་ཆེ་བ་དང་། མདུན་ལམ་རིམ་པ་རེ་རེ་བཞིན་བཀག་སྡོམ་བྱས་ཡོད་ཅིང་། དངོས་ཟོག་ཧ་ཅང་དཀོན་པའི་ཉམ་ངའི་གནས་སྟངས་འོག་ཏུ། ཀྲུང་དབྱང་དམར་དམག་གིས་ཁྲི་ཧྲུའེ་ཆུ་བོ་ཐེངས་བཞིར་བརྒལ་ཏེ། དགྲ་དམག་གི་སྐོར་འདེད་བཀག་འགོག་ལས་རྒྱལ་ཁའི་ངང་ཐར་ཞིང་། རྒྱང་སྐྱོད་བྱས་པའི་ཚུན་གྱི་གཞན་དབང་གི་རྣམ་པ་ཐེངས་གཅིག་ལ་བསྒྱུར་ཏེ། ཀྲུང་གོའི་གུང་ཁྲན་ཏང་མིའི་བློ་བརྟན་འགྱུར་མེད་དང་དད་སེམས་བརྟན་སྲུང་བྱེད་པའི་བླ་ན་མེད་པའི་ཕུགས་བསམ་དང་དཔའ་ངར་ཞུམ་མེད། རང་སྲོག་བློས་གཏོང་བར་མི་སྐྲག་པ་བཅས་ཀྱི་སེམས་རྒྱ་ཀུན་ནས་མངོན་པར་བྱས།

གློག་བརྙན་ལ་བལྟས་ཚར་རྗེས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་པ་རྣམས་ཀྱིས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་ཁྱོན་ཡོངས་ནས་སློབ་སྦྱོང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ། “ངེས་པར་དུ་སྒྲུབ་དགོས་པ་གསུམ”བློ་ལ་བརྟན་པོར་ངེས་སུ་བཅུག་སྟེ། དེའི་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ནས། དུས་རབས་གསར་པའི་འཐབ་ལམ་སྟེང་ཡག་པོ་བསྐྱོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། དུས་མཚུངས་སུ། ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། གསར་བརྗེ་རྒན་རབས་པའི་དཔའ་ངར་ཞུམ་མེད་ཀྱི་གསར་བརྗེའི་སྙིང་སྟོབས་དང་རང་འགུལ་ངང་འགྱུར་ལྡོག་འཚོལ་ཐུབ་པའི་འཐབ་རྩོད་ཀྱི་བློ་གྲོས། ལས་ཀའི་དོན་དངོས་ནས་རྐང་ཚུགས་ཐུབ་པ་དང་དཀའ་གནད་རིམ་པར་སེལ་ཐུབ་པའི་ནུས་པ་བཅས་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།