སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་ཟླ7པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ7པའི་ཚེས1ཉིན་ནས་བཟུང་། རང་རྒྱལ་གྱི་སྤྱི་ཚོགས་རོགས་སྐྱོབ་ཁྱབ་ཁོངས་ཀྱི་རྨང་གཞི་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་བཅའ་ཁྲིམས་དང་པོ་སྟེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས།

སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ་རྒྱ་ཆེར་བཏང་ནས་ཁྲིམས་སྐྱོང་སྟོབས་ཤུགས་ལས་དམངས་ཚིས་དྲོད་ཚད་མངོན་པ།

སྤྱི་ཚོགས་ཀྱི་རོགས་སྐྱོབ་བྱ་ཡུལ8གཏན་འབེབས་བྱས་ཡོད།

སུ་ལ་རོགས་སྐྱོབ་བྱ་རྒྱུའི་ཐད། སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་ནང་རྒྱལ་ཁབ་ཀྱིས་རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ8བརྒྱུད་རིམ་ལྡན་པའི་ངང་གཏན་འབེབས་བྱས་ཡོད།

ལོ་མང་རིང་རང་རྒྱལ་གྱི་སྲོལ་རྒྱུན་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་དེ་གཙོ་བོ་དམིགས་བསལ་དཀའ་ངལ་ཅན་དང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་སོགསལ་དམིགས་ཡོད་པས། རོགས་སྐྱོབ་དང་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཁོང་ཚོའི་གཞི་རྩའི་འཚོ་བར་འགན་སྲུང་ཡག་པོ་ཐུབ་ཡོད། འོན་ཀྱང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་སྟེ་དཀའ་ངལ་ཡོད་པའི་མང་ཚོགས་ཁ་ཤས་ལས་ཡོང་འབབ་ཅུང་མཐོ་མང་ཚོགས་ལ་མཚོན་ན།   ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་དེ་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ལས་ལྡབ1.5མན་གྱི་མ་མཐའི་འཚོ་བའི་འགན་སྲུང་གི་མཐའ་ལུས་ཁྱིམ་ཚང་དང་དེ་བཞིན་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་དེ་ས་གནས་དེའི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལས་དམའ་བ་ཡོད་པ་མ་ཟད།  སྨན་བཅོས་དང་སློབ་གསོ་སོགས་ཐད་གཏོང་སྒོ་ཅུང་མང་བའི་འགྱུར་མེད་གཏོང་སྒོའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལྟ་བུ་རེད། ཁྱིམ་ཚང་དེ་དག་གི་གཞི་རྩའི་འཚོ་བར་དཀའ་ངལ་ཆེ་ཙམ་འཕྲད་ཡོད་མོད།  འོན་ཀྱང་ཡོང་འབབ“ཚད་བརྒལ”རྐྱེན་གྱིས་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་ཐབས་བྲལ་བ་དང་། ཐོབ་པའི་རོགས་སྐྱོབ་བལྟོས་བཅས་ཀྱིས་མི་འདང་བས་སྤྱི་ཚོགས་རོགས་སྐྱོབ་ཀྱི“གཡང་གཟར་གྱི་ནུས་འབྲས”ཐོན་ཡོད།

སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ་རྒྱ་ཆེར་བཏང་བའི་ཁྲིམས་སྐྱོང་སྟོབས་ཤུགས་ལས་དམངས་ཚིས་ཀྱི་དྲོད་ཚད་མངོན་པ།

གསར་དུ་ལག་བསྟར་བྱས་པའི་སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་ཀྱིས་རོགས་སྐྱོབ་ཁྱབ་རྒྱ་ཆེ་རུ་བཏང་ནས“མ་མཐའི་འཚོ་བའི་འགན་སྲུང་གི་མཐའ་ལུས་ཁྱིམ་ཚང་དང་དགོས་ངེས་རང་བཞིན་གྱི་གཏོང་སྒོ་དཀའ་ངལ་ཡོད་པའི་ཁྱིམ་ཚང”གསར་དུ་བསྣན་ནས་ཁྲིམས་གཏན་འཁེལ་བའི་སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ་དུ་གྱུར་ཡོད། གཞན་ཡང་སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ་གྲས་སུ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་། མ་མཐའི་འཚོ་བར་འགན་སྲུང་ཡོད་པའི་ཁྱིམ་ཚང་། གནོད་འཚེ་ཕོག་པའི་མི་སྣ། གཞི་རྩའི་འཚོ་བར་གནས་སྐབས་དཀའ་ངལ་ཚབས་ཆེན་འཕྲད་པའི་མི་སྣ།  ནད་ཡམས་འཕྲལ་སྡོམ་རོགས་སྐྱོབ་མི་སྣ་དེ་བཞིན་འཚོ་རྟེན་མེད་པའི་མི་སྣ་སོགས་ཚུད་ཡོད། སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ་རིགས8པོ་དེར་ཁྲིམས་ལྟར་རྒྱལ་ཁབ་དང་སྤྱི་ཚོགས་ནས་དངོས་པོའི་རོགས་སྐྱོབ་དང་རོགས་སྐྱོབ་ཞབས་ཞུ་ཐོབ་པའི་ཁེ་དབང་ཡོད།

གཞན་ཡང་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ངམ་ཡང་ན་མི་སྣ་གཞན་དག་ཞིང་ཆེན་དང་། རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ས་གནས་ཀྱི་དོན་དངོས་གཞིར་བཟུང་སྟེ་སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ་གྱི་ཁྱབ་ཁོངས་ནང་འཇུག་ཆོག

རིགས་ཆེན་པོ་གསུམ་གྱི་སྤྱི་ཚོགས་རོགས་སྐྱོབ་བྱེད་ཐབས10ཞིབ་ཕྲ་བཟོས།

རོགས་སྐྱོབ་བྱ་ཡུལ་གྱིས་རིགས8ཀྱིས་རོགས་སྐྱོབ་རེ་ཞུ་གང་དག་བྱེད་ཆོག་པ་ཁ་གསལ་བཏོན་ཡོད། སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་ཀྱིས་རིགས་ཆེན་པོ་གསུམ་གྱི་སྤྱི་ཚོགས་རོགས་སྐྱོབ་བྱེད་ཐབས་ཁག10ཞིབ་ཕྲ་བཟོས་ཡོད།

སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་ནང་སྤྱི་ཚོགས་རོགས་སྐྱོབ་ལ་རིགས་གསུམ་ཡོད་པ་སྟེ།

གཞི་རྩའི་འཚོ་བའི་རོགས་སྐྱོབ་ནང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་བསྙེན་བཀུར་དང་མ་མཐའི་འཚོ་བའི་འགན་སྲུང་ཚུད་ཡོད།

ཆེད་དོན་སྤྱི་ཚོགས་རོགས་སྐྱོབ་ནང་སྨན་བཅོས་རོགས་སྐྱོབ་དང་། སློབ་གསོ་རོགས་སྐྱོབ། སྡོད་ཁང་རོགས་སྐྱོབ། ལས་ཞུགས་རོགས་སྐྱོབ། གནོད་འཚེ་ཕོག་མཁན་ལ་རོགས་སྐྱོབ་བཅས་ཚུད་ཡོད།

ཛ་དྲག་དང་དཀའ་ངལ་ཆེ་བའི་སྤྱི་ཚོགས་རོགས་སྐྱོབ་ནང་གནས་སྐབས་རོགས་སྐྱོབ་དང་། ནད་ཡམས་འཕྲལ་སྡོམ་རོགས་སྐྱོབ། འཚོ་རྟེན་མེད་པའི་ཁ་ཐོར་མི་སྣའི་རོགས་སྐྱོབ་བཅས་ཚུད་ཡོད།

སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་ནང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྤྱི་ཚོགས་རོགས་སྐྱོབ་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཤར་གཏོང་བྱེད་པ་དང་འབྲེལ་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ལ་ཤུགས་བསྣན་བྱས་ནས། སྤྱི་ཚོགས་རོགས་སྐྱོབ་དེ་འཕྲིན་སྣེཕྱོགས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རོགས་སྐྱོབ་བྱེད་དགོས་པའི་ཁྱིམ་ཚང་དང་མི་སྣར་སྟབས་བདེ་ལ་མྱུར་བའི་དྲ་ཐོག་རེ་ཞུ་དང་། འདྲི་རྩད། ཐེར་འདོན་ཞུ་གཏུག་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།