མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས1ཉིན། ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཁག་གཉིས་ཀྱིས་མཉམ་དུ་སྤེལ་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཀྱི་གཅིག་བསྡུས་དྲིལ་སྒྲོག་དང་། མི་རིགས་སོ་སོའི་འབྲེལ་འདྲེས་དང་བརྗེ་རེས། མཉམ་འདྲེས་ལ་སྐུལ་སྤེལ་གཏོང་བའི་བྱ་འགུལ་དེ་ཟི་ལིང་དུ་སྤེལ། བྱ་འགུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བསྐྲུན་པའི་གཙོ་དོན་དང་དམ་པོར་སྦྲེལ་ནས། དམངས་ཡོངས་ལ་ཁྲིམས་ལུགས་ཁྱབ་གདལ་དང་། ཐོན་ལས་མཉམ་ཕྱུག ། རིག་གནས་ཀྱིས་སེམས་རྒྱུད་གསོ་བ། རྨང་གཞིའི་བཅོས་སྐྱོང་བཅས་སྣ་བཞི་གཅིག་ཏུ་འདྲེས་པ་རྒྱུན་འཁྱོངས་བྱས་ཏེ། སྣ་མང་ཅན་དང་གཏིང་ཟབ་ཅན་གྱི་དྲིལ་སྒྲོག་ལ་བརྟེན་ནས། སྣང་བརྙན་ལྡན་ལ་ཚོར་བ་ལྡན་པ། ནུས་ཕྱོད་ལྡན་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བསྐྲུན་བྱས།
ཐེངས་འདིའི་བྱེད་སྒོས་ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་མཉམ་ལས་མཉམ་འགུལ་དང་། སྡེ་ཁག་མང་པོ་དཔུང་སྡེབ་མཉམ་སྐྱོད། སྤྱི་ཚོགས་ཡོངས་རྒྱ་ཁྱབ་ཏུ་ནང་ཞུགས་བྱེད་པའི་དྲིལ་སྒྲོག་གི་སྟེགས་བུ་བསྐྲུན་ནས། ནང་དོན་ཕུན་སུམ་ཚོགས་ལ། རྣམ་པ་སྣ་ཚོགས་སུ་སྣང་བར་བྱས། ཡུལ་དངོས་སུ་རིག་རྩལ་འཁྲབ་སྟོན་དང་། གཞི་རིམ་སྔོན་ཐོན་འཐུས་ཚབ་ཀྱི་ཉམས་མྱོང་བརྗེ་རེས། ཁྲིམས་ལུགས་ཁྱབ་གདལ་ཀྱི་དཔེ་ཆ་སྐྱེས་འབུལ། དམངས་ཡོངས་ལ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་གྲོས་འདོན་པ། ཁྲིམས་སྐྱོང་མཉམ་འགུལ་གྱི་དྲི་བ་དྲིས་ལན་སོགས་ཀྱི་ཚན་པ་བཀོད་སྒྲིག་བྱས། སྤྱི་བདེ་དང་སློབ་གསོ། འཕྲོད་བསྟེན། ཁྲོམ་ར་ལྟ་སྐུལ་སོགས་ཁྱབ་ཁོངས་ཀྱི་གཞི་རིམ་འཐུས་ཚབ་ལ་ཁྲིམས་ལུགས་ཁྱབ་གདལ་གྱི་དཔེ་ཆ་སྐྱེས་འབུལ་བྱས། དེ་ནས་དགེ་རྒན་དང་ན་ཆུང་གཞོན་ནུ། ཁྲིམས་འཛིན་མི་སྣ། སྡེ་ཁུལ་མང་ཚོགས་འཐུས་ཚབ་ཀྱིས་མཉམ་དུ་ཁྲིམས་ལུགས་སྦྱོང་བ་དང་ཁྲིམས་ལུགས་ཁྱབ་གདལ་བར་གྲོས་མགོ་བཏོན་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་རང་རྟོགས་སྒོས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་བཀོལ་བྱེད་པར་བློ་སྟོན་བྱས་པ་དང་། དམངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་བསམ་བློ་གཅིག་མཐུན་ལྟ་བ་གཅིག་ཏུ་བསྡུས། བྱེད་སྒོའི་ཁྲོད་ཁྲིམས་སྐྱོང་ལ་བྱ་དགའ་ཡོད་པའི་དྲི་བར་ལན་འདེབས་པའི་རྣམ་པ་སྤྱད་ཞིང་། མཉམ་འགུལ་རང་བཞིན་གྱི་སྒོ་ནས་མང་ཚོགས་བྱ་འགུལ་ནང་ཞུགས་པའི་བརྩེ་བ་དྲོན་མོ་རབ་ཏུ་བསླངས།
དྲིལ་སྒྲོག་གི་དངོས་ཕན་ནུས་པ་ཇེ་ཆེར་གཏོང་ཆེད། ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“བཅུ་བསྐྱོད”ཀྱི་སྣེ་ཁྲིད་ལས་ཁུངས་དང་། རྫོང་དང་ས་ཁུལ་བདུན་དུ་གཅིག་བསྡུས་སྒོས་འགྲེམ་སྟོན་བྱེད་པ་སྤྱི་འདོམས་བྱས་ནས། པར་རིས་འགྲེམ་སྟོན་དང་སྲིད་ཇུས་དོགས་སེལ། ཁྲིམས་ལུགས་འདྲི་བརྩད་སོགས་ཀྱི་རྣམ་པ་བརྒྱུད་དེ། རིགས་སོ་སོའི་མང་ཚོགས་ལ་ཁྲིམས་ལུགས་ཤེས་བྱ་བསྐྱལ། དུས་མཉམ་དུ། བྱ་འགུལ་གྱིས“གསུམ་སྦྱོར་མཉམ་ཕྱུག”གཞི་གཅིག་ཅན་གྱི་འགྲེམ་ཁུལ་བཀོད་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལས་གཉེར་བྱེད་པོ54གཅིག་ཏུ་འདུ་རུ་བཅུག་སྟེ། གཅིག་བསྡུས་སྒོས་ཁྱད་ལྡན་ཞིང་ཞོར་ཐོན་རྫས་དང་རིག་དངོས་ཤུལ་བཞག ལུས་རྩལ་ཁམས་གསོ། ཁྱད་ལྡན་ཟས་མཆོག་སོགས་འགྲེམ་སྟོན་བྱས་ཤིང་། ཁྱོན་ཡོངས་ནས་ས་གནས་སོ་སོའི་ཞིང་སྡེ་དར་སྤེལ་དང་མི་རིགས་ཐོན་ལས་མཉམ་ཕྱུག་གོང་འཕེལ་གྱི་གྲུབ་འབྲས་བསྟན་པ་རེད།