ལུའོ་ཏུང་ཁྲོན་གྱིས་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝང་ཉིང་ལི་སོགས་ལ་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7ཚེས2ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། རྒྱལ་སྤྱིའི་མིག་ནད་ཚན་རིག་གླིང་གི་ཡོན་ཧྲི་ཝང་ཉིང་ལི་སོགས་ལ་ཐུག་འཕྲད་བྱས། 

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཝང་ཉིང་ལི་སོགས་ལ་དགའ་བསུ་བྱས་པ་དང་། ཁོང་གིས་དུས་ཡུན་རིང་པོཪ་མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། ཡོན་ཧྲི་ཝང་ཉིང་ལི་ནི་མཚོ་སྔོན་ནས་ཐོན་པའི་ཕུལ་བྱུང་འཇོན་མི་ཡིན་པ་དང་། རང་རྒྱལ་གྱི་མིག་ནད་ཚན་རྩལ་ཁྱབ་ཁོངས་ཀྱི་སྣེ་ཁྲིད་མི་སྣ་དང་འཛམ་གླིང་གི་མིག་ནད་ཆེད་མཁས་པ་རྩེ་གྲ་ཞིག་ཡིན། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་པའི་ཁ་ཕྱོགས་བརྒྱུད་ནས་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ནང་མང་ཚོགས་ཀྱི་བདེ་ཐང་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་སུ་བཞག་སྟེ། མཚོ་སྔོན་གྱི་བདེ་ཐང་ཐད་ཆུ་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་བ་མཐོར་འདེགས་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་མཐོ་སྒང་གི་མིག་ནད་འགོག་བཅོས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས། རྒྱལ་ཁབ་ཀྱི་མཐོ་སྒང་གི་མིག་ནད་སྨན་བཅོས་ལྟེ་གནས་མཉམ་སྐྲུན་དང་། འཇོན་མི་གསོ་སྐྱོང་དང་རིག་ཚན་གྱི་རིམ་པ་མཐོར་འདེགས། ཚན་རྩལ་འགག་སྒྲོལ་དང་ཞིབ་འཇུག་གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་ཐད་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་མཐོ་སྒང་གི་ནད་རིགས་འགོག་བཅོས་ལས་དོན་ལ་ཞབས་འདེགས་ཞུ་བའི་ཐད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད།

ཝང་ཉིང་ལི་ཡིས་ཚན་ཞིབ་དང་ནད་ཐོག་སྨན་བཅོས། སློབ་ཁྲིད་བཅས་ཐད་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། དཔུང་སྡེའི་ལག་རྩལ་དང་ཚན་ཞིབ། ཤེས་ལྡན་མི་སྣ་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐོན་ཁུངས་སྔར་ལས་མང་པོ་ནང་འདྲེན་བྱས་ནས་མཐོ་སྒང་གི་མིག་ནད་ཁྱབ་ཁོངས་ཀྱི་འགོག་བཅོས་དང་ཚན་རིག་ཞིབ་འཇུག ཤེས་ལྡན་མི་སྣ་གསོ་སྐྱོང་། ལས་སྟེགས་འཛུགས་སྐྲུན་བཅས་ལ་རོགས་རམ་བྱེད་པ་དང་། སྤུས་ལེགས་པའི་མིག་ནད་སྨན་བཅོས་ཞབས་ཞུ་མཐོ་སྒང་གི་མང་ཚོགས་སྔཪ་ལས་མང་པོ་ཁྱབ་པར་བྱས་ནས་མཚོ་སྔོན་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ཞབས་འདེགས་སྔཪ་ལས་ལེགས་པོ་ཞུ་རྒྱུ་ཡིན། 

ཁྲིན་ཅི་ཝེ་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།