མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས1ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་ལག་བསྟར་བྱས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན། གྲོང་གསེབ་ཀྱི་གྲོང་མིའི་འབབ་སྒོ་རྒྱུན་མཐུད་ཡིན་པ། མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་དང་རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དོན་བྱེད་སྒོ་དང་དེ་བཞིན་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་གྲ་སྒྲིག རང་བྱུང་ཐོན་ཁུངས་གྱི“རི་མོ་གཅིག”འཛུགས་སྐྲུན། ཞིང་ཆེན་སྲིད་གྲོས་ཀྱི་ཞང་ཀང་དང་ཨའོ་མོན་ཨུ་ཡོན་གྱི་གྲོས་འཆར་སྒྲུབ་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས་ནས་བཀོད་སྒྲིག་བྱས།
ཚོགས་ཐོག་ཏུ། ཟླ6པའི་ཚེས29ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། “མི་ཐབས་རིག་ནུས་+”འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་འགག་རྩའི་ལག་རྩལ་འགག་སྒྲོལ་དང་རྩིས་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་མི་ཐབས་རིག་ནུས་ཀྱི་བདེ་འཇགས་མཐའ་ཚད་བརྟན་པོ་སྲུང་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཕྱིར་གཏོང་གཞི་ཁྱོན་ཆེ་རུ་བཏང་ནས། ཞབས་ཞུའི་ཚོང་དོན་དང་གྲངས་འཛིན་ཚོང་དོན་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་ཇེ་མཐོར་དང་ཕན་འབྲས་ཇེ་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས། ནུས་རྒྱུའི་གྲུབ་ཆ་མགྱོགས་པོར་ལེགས་སྒྲིག་བྱས་ནས་ཐོན་ལས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་ལ་སྐུལ་འདེད་བཏང་སྟེ་ལྗང་མདོག་དཔལ་འབྱོར་གྱི་འཕར་གཞི་སྔར་ལས་མང་པོ་གཏོད་དགོས། བདེ་ཐང་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་སྒོ་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བའི་འཆར་འགོད》དང་། 《མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་འཆར་འགོད(2020ལོནས2030ལོ་བར)》 《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་བའི་འཆར་གཞི(2026ལོ་ནས2030ལོ་བར)》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། སྤུས་ཚད་མཐོ་བའི་སྒོ་ནས་འཆར་འགོད་ལག་བསྟར་དང་། ཆུ་ཚད་མཐོ་བའི་སྒོ་ནས་བྱ་བར་སྐུལ་འདེད། ཚད་གཞི་མཐོ་བའི་སྒོ་ནས་རྣམ་གྲངས་ཀྱི་འདེགས་སྐྱོར་བཅས་ལ་དམ་འཛིན་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་དང་གཞི་ཁྱོན་རང་བཞིན་གྱི་དབུལ་ཕོངས་བསྐྱར་འགྱུར་གྱི་མཐའ་ཚད་གཉིས་བརྟན་སྲུང་བྱེད་དགོས་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་ནུས་ཤུགས་ཡོད་རྒུས་བཏོད་དེ། ནོར་ནག་དང་ཆུ་འཁྱགས་ཉ་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་པོ་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་དང་། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་རྒྱུན་མཐུད་བརྟན་པོའི་ངང་འཕར་བར་འགན་སྲུང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཅས་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་མཚོ་སྔོན་གྱིས“ཞིང་གསུམ”གྱི་ལེའུ་གསར་པ་འབད་བརྩོན་ཆེན་པོས་འབྲི་དགོས་ཞེས་བསྟན།
ཚོགས་འདུས་བསྟན་དོན། མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་སྐབས27པ་དང་། གཞུང་ཁོངས་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཆེད་དོན་བྱེད་སྒོ་དང་། སྐབས་ཉེར་ལྔ་པའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་གྲ་སྒྲིག་ལས་དོན་ཁག་བཅས་ལ་དམ་འཛིན་ཏན་ཏིག་བྱས་ཏེ། ཞབས་ཞུ་འགན་སྲུང་ལ་ཤུགས་སྣོན་དང་། བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བཅས་བྱས་ཏེ་མཚོ་སྔོན་དྲིལ་སྒྲོག་དང་། འོས་སྦྱོར། མཚོ་སྔོན་འགྲེམས་སྟོན་བཅས་ཀྱི་སྐར་ཁུང་གལ་ཆེན་ནུས་ཤུགས་ཡོད་རྒུས་བཏོད་དེ་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས་ཞེས་བསྟན།
ཚོགས་འདུའི་སྟེང་། རང་བྱུང་ཐོན་ཁུངས་ཀྱི“རི་མོ་གཅིག”དེ་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ནང་བཅུག་ནས་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། འཛུགས་སྐྲུན་གྲུབ་འབྲས་མཉམ་སྤྱོད་མཉམ་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། པར་རིས་སྒོ་ཁར་སྐྱེལ་བའི་ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱས་ཏེ་བར་སྟོང་བཅོས་སྐྱོང་ནུས་པ་ཇེ་ཆེར་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ་བསྟན།
ཚོགས་འདུའི་སྟེང་ཞིང་ཆེན་སྲིད་གྲོས་ཀྱི་ཤང་ཀང་དང་ཨའོ་མོན་གྱི་ཨུ་ཡོན་ཚོས་ཐབས་འདོན་ཇུས་འདོན་ནན་ཏན་བྱས་ཏེ་ལྗང་མདོག་དངུལ་རྩ་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར། གྲངས་འཛིན་དཔལ་འབྱོར། ཚན་རྩལ་གསར་གཏོད། ཤེས་ལྡན་མི་སྣ་སྤེལ་རེས་སོགས་ཁྱབ་ཁོངས་ལ་དམིགས་ནས་མཚོ་སྔོན་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཉམ་ལས་རྣམ་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ཚོགས་ཐོག་ནས《མཚོ་སྔོན་ཞིང་ཆེན་གྱི་གློག་འདོན་ཚད་ལེན་ཡིད་རྟོན་ཤོང་ཚད་ཀྱི་ཁ་གསབ་རྐྱེན་སྲོལ》ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།