ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས1ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་དང་ལྔ་འཁོར་བའི་རྟེན་འབྲེལ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གཙོ་བོའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།  ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ལ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཤར་ནུབ་རྒྱུད་རོགས་ལས་དང་སློབ་སྦྱོང་སློབ་གསོ་སོགས་བྱ་བ་ལེགས་པོར་བསྒྲུབ་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་དང་ལྔ་འཁོར་བའི་རྟེན་འབྲེལ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཆབ་སྲིད་ཀྱི་དོན་སྙིང་ཆེན་པོ་དང་གཞུང་ལུགས་ཀྱི་དོན་སྙིང་ཆེན་པོ། ལག་ལེན་གྱི་དོན་སྙིང་ཆེན་པོ་བཅས་ལ་ཤེས་རྟོགས་ཟབ་མོ་བྱེད་པ་དང་།  གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བཅས་བྱེད་དགོས། སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་བསྒྱུར་བ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་ལེགས་པོ་བྱེད་པ། མགྱོགས་མྱུར་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བཅས་བྱས་ཏེ་བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བླང་བྱ་དེ་སྲིད་གཞུང་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོར་དོན་འཁྱོལ་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་ནས་སྲིད་གཞུང་མ་ལག་གི་ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་།   སྤྱོད་ཚུལ་ནན་མོ་དང་དངོས་སྒྲུབ་ཁག་ཁུར་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་ལེའུ་གསར་པ་འབད་པས་འབྲི་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ཟླ6པའི་ཚེས30ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་།   ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ལ་བརྟེན་ནས་ཞོད་འགོག་གནོད་སེལ་གྱི་བྱ་བ་སྣ་ཚོགས་དམ་འཛིན་ནན་མོ་བྱེད་པ། ཚད་མཐའི་བསམས་གཞིགས་བརྟན་པོར་ཆགས་པར་བྱེད་པ། ཉེན་ཁའི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་དག་ཐེར་ལེགས་བཅོས་ཟབ་མོ་བྱེད་པ། སྔོན་དཔག་ཉེན་བརྡར་ཤུགས་སྣོན་པ་དང་གནས་སྤོར་ཉེན་གཡོལ་ལ་རྩ་འཛུགས་ལེགས་པོ་བྱེད་པ། འཕྲལ་བསྟུན་དངོས་ཟོག་གསོག་འཇོག་དང་རོགས་སྐྱོབ་སྟོབས་ཤུགས་སྔོན་གྲབས་བྱ་བ་ཏན་ཏིག་གིས་ལེགས་པོར་བསྒྲུབ་པ་བྱས་བཅས་བྱས་ནས་སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་གཏན་འཇགས་སྲུང་སྐྱོང་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཏི་ཀྲོའུ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་ཤར་ནུབ་རྒྱུད་རོགས་ལས་བྱ་བ་ལེགས་པོར་བསྒྲུབ་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།  བློ་བརྟན་འགྱུར་མེད་སྒོས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་ལེགས་པོར་འཁུར་བ་དང་། རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་ཇེ་བཟང་དུ་གཏོང་བར་ཤུགས་སྣོན་པ། ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་རྨང་གཞི་ཇེ་བརྟན་དུ་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་ནན་མོ་གཏོང་བ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་བདེ་སྡོད་ལས་འཚམ་གྱི་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཧྥུའུ་ཅན་དང་ཉིང་ཞ་བར་གྱི་རོགས་ལས་སོགས་ཕན་ཡོད་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། རྒྱུན་རྣམ་ཅན་གྱི་རོགས་ལས་ཀྱི་གནས་བབ་གསར་པ་དང་ལས་འགན་གསར་པར་རྒྱུས་ལོན་ཡང་དག་བྱེད་པ།  རོགས་ལས་བྱེད་ཐབས་ལེགས་སྒྱུར་དང་རོགས་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ་བཅས་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་སྔར་ལས་འདེགས་སྐྱོར་ལེགས་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་རྒྱལ་ཡོངས་ཏང་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།   ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་དོན་སྙིང་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་དོན།  ལག་ལེན་གྱི་བླང་བྱ་བཅས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཡང་དག་བྱེད་པ་དང་། སྔར་ལས་མཐོ་བའི་ཚད་གཞི་དང་སྔར་ལས་དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་སྲིད་གཞུང་མ་ལག་གི་ཏང་གི་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་དམ་འཛིན་ལེགས་པོ་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ད་རུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།