ཞིང་ཆེན་ཏང་ཨུའི་རྒྱུན་ཨུས“བདུན་གཅིག”གི་དངོས་བཅར་འཚམས་འདྲིའི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་སྐབས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ལིའུ་མེ་ཕིན་དང་ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁོ·རེ་སུའུ་ལི་ཧན། པད་གོ ཀྲུའུ་ཞང་ཧྥེང་། ཧོ་ལུའུ་ཁྲོན། ཚའོ་ཅོན་བཅས་ཀྱིས་རང་རེའི་ཞིང་ཆེན་གྱི་མཛད་རྗེས་གཟི་བརྗིད་གཟེངས་བསྟོད་ཐོབ་པའི་ཏང་ཡོན་དང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན། ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི། གཞུང་དོན་དུ་རང་སྲོག་ཤོར་བའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མི་བཅས་ལ་འཚམས་འདྲི་ཞུས་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སྐྱོང་བརྒྱུད་སྒྲོག་གནང་བ་ལས་གཞན། ད་དུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས།

སོང་ས་རེ་རེ་ནས་ཞིང་ཆེན་གྱི་འགོ་ཁྲིད་ཚང་མས་འཚམས་འདྲི་བྱ་ཡུལ་དང་བརྩེ་བའི་ངང་རྒྱུན་ལྡན་གྱི་འཚོ་བ་དང་འདས་ཟིན་པའི་དྲན་ཤེས། འཕེལ་རྒྱས་ཀྱི་སྐོར་ནས་ཁ་བརྡ་བཅས་བྱས་ཏེ། ཚང་མའི་ལུས་ཕུང་བདེ་ཐང་གི་གནས་ཚུལ་དང་ཁྱིམ་ཚང་གི་གནས་ཚུལ། འཚོ་བའི་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། མཛད་རྗེས་དང་གཟི་བརྗིད་མཚན་སྙན་གྱི་གཟེངས་བསྟོད་ཐོབ་པའི་ཏང་ཡོན་ལ་སྐོར་རྒྱག་སྐབས། ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་ཁོ་ཚོའི་ལས་གནས་དངོས་ཀྱི་སྟེང་རྐང་ཚུགས་ཐུབ་ཡོད་པ་དང་སྒེར་སེམས་ཅི་ཡང་མེད་པར་བྱས་རྗེས་འཇོག་པའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཁོ་ཚོར་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་ཀྱིས་མུ་མཐུད་དུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་ཐད་ནས་སྐུལ་ལྕག་བྱས། ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པར་འཚམས་འདྲི་བྱེད་སྐབས། ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་ཁོ་ཚོ་དང་མཉམ་དུ་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱས་པ་དང་། ཁོ་ཚོས་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ལ་བྱས་རྗེས་ཆེན་པོ་བཞག་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོ་ཚོ་བདེ་ཐང་ཚེ་རིང་དང་འཚོ་བ་སྐྱིད་པོ་ཡོང་བའི་སྨོན་འདུན་ཡང་ཞུས།

འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་ཁྱིམ་དུ། ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་ཁོ་ཚོའི་སྨན་བཅོས་འགན་སྲུང་དང་བུ་ཕྲུག་ལས་ཞུགས་སོགས་ཀྱི་གནས་ཚུལ་ལ་འདྲི་རྩད་ཞིབ་མོ་བྱས་པ་དང་། ཁོ་ཚོར་ཡིད་ཆེས་བརྟན་གཏོང་དང་ལུས་པོར་གཅེས་སྐྱོང་བྱས་ཏེ། ཏང་གི་སྲིད་ཇུས་ཀྱི་རོགས་སྐྱོར་འོག་དཀའ་ངལ་ཁྱད་བསད་གང་ལེགས་བྱས་ནས། འཚོ་བ་སྔར་ལས་ཇེ་ཡག་ཏུ་གཏོང་དགོས་པའི་ཐད་ནས་སྐུལ་ལྕག་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་ལ་བློ་རྩེ་གཅིག་སྒྲིམ་གྱིས་མཐའ་སྐྱོར་འགན་སྲུང་གི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་ཐད་ནས་མངགས་བཅོལ་ནན་མོ་བྱས། སྔོན་གཤེགས་དཔའ་བོའི་ཁྱིམ་མིར་འཚམས་འདྲི་བྱེད་སྐབས། ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་ཁོ་ཚོའི་འཚོ་བའི་གནས་ཚུལ་དང་བུ་ཕྲུག་གི་སློབ་གསོའི་གནས་ཚུལ་ལ་དོ་ཁུར་དང་འདྲི་རྩད་བྱས་པ་དང་འབྲེལ་ཏེ། འབྲེལ་ཡོད་སྡེ་ཁག་གིས་ཁོ་ཚོའི་སེམས་ཁྲལ་སེལ་ཐབས་གང་ལེགས་བྱེད་པ་དང་། གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ནན་མོ་བྱེད་པ། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས། སྔོན་གཤེགས་དཔའ་བོར་རྗེས་དྲན་དང་སྔོན་གཤེགས་དཔའ་བོར་སློབ་སྦྱོང་། སྔོན་གཤེགས་དཔའ་བོའི་ཁྱིམ་མིར་གཅེས་སྐྱོང་བཅས་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཡག་པོ་བསྐྲུན་དགོས་པའི་བླང་བྱ་བཏོན། 

འཚམས་འདྲི་བྱ་ཡུལ་གྱིས་སྔར་བཞིན་ཏང་གི་གསུང་ལ་ཉན་པ་དང་ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་ནས་མཚོ་སྔོན་གྱི་བྱ་གཞག་སོ་སོའི་འཕེལ་རྒྱས་ལ་མུ་མཐུད་དུ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་འདོད་བློ་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།