ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་ལོ་ཡིན། “བདུན་གཅིག”གི་སྔ་རོལ་དུ། ཞིང་ཆེན་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མཛད་རྗེས་དང་གཟི་བརྗིད་མཚན་སྙན་གྱི་གཟེངས་བསྟོད་ཐོབ་པའི་ཏང་ཡོན་དང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན། ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི། གཞུང་དོན་དུ་རང་སྲོག་ཤོར་བའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མི་བཅས་ལ་འཚམས་འདྲི་ཞུས་ཏེ། ཁོ་ཚོར་ཏང་གི་ཐུགས་ཁུར་དང་དྲོད་ཁོལ་ཚོར་དུ་བཅུག
ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་བློ་མཐུན་རྒན་པ་སངས་རྒྱས་སྐྱབས་ལ་འཚམས་འདྲི་ཞུས་པ་དང་། བློ་མཐུན་རྒན་པ་ཁོའི་བདེ་ཐང་གི་གནས་ཚུལ་དང་འཚོ་བའི་འགྲོ་འདུག་གི་སྐོར་ནས་འདྲི་རྩད་ཞིབ་མོ་བྱས་པ་དང་། ལས་དོན་མི་སྣར་དུས་དང་རྣམ་པ་ཀུན་ཏུ་བློ་མཐུན་རྒན་པའི་བདེ་ཐང་གི་དགོས་མཁོར་དོ་ཁུར་བྱས་ནས། ཞབས་ཞུ་འགན་སྲུང་གི་ལས་དོན་ཁག་བློ་རྩེ་གཅིག་སྒྲིམ་གྱིས་ཡག་པོ་སྒྲུབ་དགོས་པའི་ཐད་ནས་ནན་མངགས་བྱས་པར་མ་ཟད། ད་ལོ་ནས་བཟུང་ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་གཙོ་བོར་དམིགས་ནས་འགན་འཁྲི་བསྒྲུབས་པ་ལས་ཐོབ་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་དང་དེ་བཞིན་སྐུལ་འདེད་གཏོང་བཞིན་པའི་གཙོ་གནད་ལས་འགན་ངོ་སྤྲོད་ཀྱང་བྱས། ལས་བྱེད་པ་རྒན་པ་ཁྲེན་རུའེ་ཀྲེན་གྱི་ཁྱིམ་དུ། མགོན་པོ་བཀྲ་ཤིས་ཀྱིས་བློ་མཐུན་རྒན་པ་དང་བརྩེ་བའི་ངང་ཁ་བརྡ་བྱས་ནས། ཁོའི་བདེ་ཐང་གི་གནས་ཚུལ་དང་འཚོ་བའི་གནས་ཚུལ། སྨན་བཅོས་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། མཉམ་དུ་འདས་སོང་གི་ཁྱད་དུ་འཕགས་པའི་ལོ་ཟླར་ཕྱིར་དྲན་བྱས། བློ་མཐུན་རྒན་པ་ཁོ་མོས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་བཞག་པར་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁོ་མོ་བདེ་ཐང་ཚེ་རིང་དང་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས། མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པ་ནི་མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་ནང་ཞུགས་མཁན་དང་དེར་བདེན་དཔང་བྱེད་མཁན། བྱས་རྗེས་འཇོག་མཁན་བཅས་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཡང་ཡིན་པས། ཁོ་ཚོའི་བྱས་རྗེས་གལ་ཆེན་དུས་ནམ་ཡིན་རུང་བརྗེད་མི་རུང་། འབྲེལ་ཡོད་སྡེ་ཁག་དང་ལས་དོན་མི་སྣས་ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པའི་སྐྱིད་སྡུག་ལེགས་ཉེས་སེམས་ལ་བཟུང་ནས། ཁོ་ཚོའི་གམ་དུ་ཐེངས་མང་སོང་ནས་སེམས་གཏམ་ལ་ཉན་ཏེ་དུས་ཐོག་ཏུ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་ཡོན་རྒན་པ་མིག་དཔེར་བཟུང་སྟེ། རང་འགུལ་ངང་མདུན་སྐྱོད་ཀྱི་སྒུལ་ཤུགས་བསྡུ་ལེན་དང་རང་འཁྲི་དངོས་ཀྱི་སྟེང་ནས་རྐང་ཚུགས་པ། ལས་སྒྲུབ་ལས་སྐྲུན་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ཅི་ཡོད་འབུལ་དགོས། ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པས་མུ་མཐུད་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་བསམ་འཆར་རྩ་ཆེན་གང་མང་བཏོན་ནས། སྔར་བཞིན་མཚོ་སྔོན་གྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཟེར།
བསྟུད་མར་ཉིན་འགའི་རིང་ལ། དབྱང་ཧྥེང་ཁྲུན་དང་ཚའེ་ཁྲེང་ཡུང་། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལི་ཧུང་ཡ། ཝང་ཧའེ་ཧུང་། ཁྲེང་ཅི་ཝུའེ། ཝང་ཀྲེན་ཁྲང་། ཐེན་ཁུའེ། ལིའུ་ཏ་ཡེ། ཅིན་ཧྲེང་ཧྲོའུ། ཀྲང་ཙེ་ཅུན། ཀྲ་ཆིང་ཅིའུ་སོགས་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་མཛད་རྗེས་གཟི་བརྗིད་གཟེངས་བསྟོད་ཐོབ་པའི་ཏང་ཡོན་དང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན། ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི། གཞུང་དོན་དུ་རང་སྲོག་ཤོར་བའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མིར་འཚམས་འདྲི་ཞུས་པར་མ་ཟད། ཏང་རྩ་འཛུགས་ཀྱི་ཚབ་ཞུས་ནས་ཁོ་ཚོར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས།
མཛད་རྗེས་དང་གཟི་བརྗིད་མཚན་སྙན་གྱི་གཟེངས་བསྟོད་ཐོབ་པའི་ཏང་ཡོན་དང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན། ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི། གཞུང་དོན་དུ་རང་སྲོག་ཤོར་བའི་ཏང་ཡོན་ལས་བྱེད་པའི་ཁྱིམ་མི་བཅས་ཀྱིས་ཏང་རྩ་འཛུགས་ཀྱིས་གཅེས་སྐྱོང་གནང་བར་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུས། ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པས་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་གྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་འཇོག་ཅི་ཐུབ་བྱ་རྒྱུ་ཡིན་ཟེར།