རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་སྐབས་བདུན་པ་མཚོ་སྔོན་དུ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས30ཉིན།  ཞིང་ལྗོངས་དགུའི་སྤྱི་ཚོགས་ཚན་རིག་གླིང་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐུན་མོང་སྒོས་སྤེལ་བའི་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་སྐབས་བདུན་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་སྤེལ།   ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།  དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་ཤིས་ཚིག་ཕུལ།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏི་དང་། ཧྲིན་ཀྲང་གཞོན་པ་ཁྲེང་ཅི་ཝེ།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཏ་ཡེ་བཅས་གླེང་སྟེགས་ལ་ཞུགས།

ཝང་ཏ་ནན་གྱིས་ཤིས་ཚིག་ཁྲོད་བསྟན་དོན།   མཚོ་སྔོན་ཀྲུང་ཧྭའི་ཆུ་མཛོད་ཡིན་པའི་ཆ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་།  བློ་བརྟན་འགྱུར་མེད་སྒོས་འགོ་ཁུངས་ཀྱི་འགན་འཁྲི་དང་གཞུང་རྒྱུན་གྱི་འགན་འཁྲི་ལེགས་པོར་འཁུར་བ།   རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་འཛུགས་པ།   སྟོབས་ཤུགས་ཡོད་རྒུས་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་དག་གཙང་ནུས་ཁུངས།  སྐྱེ་ཁམས་ཡུལ་སྐོར། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བཅས་མིང་རྟགས་ཆེན་པོ་བཞི་ལེགས་པོར་བསྐྲུན་པ།  རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དང་། དྭངས་གཙང་རྨ་ཆུའི་ཡུལ་སྐོར་རྒྱུད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། རྨ་ཆུའི་བཞུར་རྒྱུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ནུས་གསར་པ་སྩོལ་དགོས། ཐེངས་འདིའི་གླེང་སྟེགས་ཀྱིས་རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཞིབ་འཇུག་དང་འགྲེལ་བཤད་བྱེད་པར་དམིགས་ཏེ། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། རྨ་ཆུའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ།   ཁྱད་ལྡན་ཡུལ་སྐོར་ཟོང་རྟགས་བསྐྲུན་པ་སོགས་གྲོས་དོན་གཞིར་བཟུང་ནས་ཞིབ་འཇུག་སློབ་སྦྱོང་དང་བསམ་བློ་བརྗེ་རེས་ཟབ་མོ་བྱས། གླེང་སྟེགས་ལ་ཞུགས་པའི་ཆེད་མཁས་པ་རྣམས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་རྒྱུར་རྐང་འཛུགས་པ་དང་རྨ་ཆུའི་རིག་གནས་ཀྱིས་སྦྲུམ་པའི་དུས་རབས་ཀྱི་རིན་ཐང་སྔོག་འདོན་ཟབ་མོ་བྱས་ནས།   རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འབག་བཙོག་བཅོས་སྐྱོང་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ་དང་། ས་ཁོངས་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ།  ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་སྣོན་པ་སོགས་ཀྱི་ཕྱོགས་ནས་བསམ་བློ་བརྗེ་རེས་མཉམ་ལས་ཟབ་མོ་བྱས་ཏེ།  རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཀྱི་མཛེས་པ་དང་ཐོན་ལས་དར་སྤེལ།  དམངས་འཚོ་ཕྱུག་འགྱུར།  འཆམ་མཐུན་མཉམ་བཅོས་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་མཉམ་དུ་འགོད་དགོས་པའི་རེ་བ་བཏོན།

ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་དང་ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་གླིང་གི་འབྲེལ་ཡོད་འགོ་ཁྲིད་དང་།  ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་དེ་བཞིན་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་འགན་ཁུར་བློ་མཐུན།  རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ལྗོངས་དགུའི་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་དང་སྤྱི་ཚོགས་ཚན་རིག་གླིང་།  དེ་བཞིན་ཀྲུང་ཧྲན་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭའི་ཆེད་མཁས་པ་བཅས་མི་བཞི་བརྒྱ་ཙམ་གླེང་སྟེགས་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།