ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་དང་ལྔ་འཁོར་བའི་སྐབས་འདིར། ཟླ6པའི་ཚེས30ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཏང་ཡོན་གྱི་འཐུས་མིར་འཚམས་འདྲི་ཞུས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁོ་ཚོར་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས།
མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་སུ་སོང་ནས། ལུའོ་ཏུང་ཁྲོན་གྱིས་བདུན་གཅིག་མཛད་རྗེས་གཟེངས་རྟགས་ཐོབ་མཁན། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་དང་བརྩེ་བས་ཁ་བརྡ་བྱས་པ་དང་། ཁོའི་ལུས་ཕུང་གི་གནས་ཚུལ་དང་། ཚན་རིག་ཞིབ་འཇུག་གི་འཕེལ་རིམ། གྲུབ་འབྲས་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་དོ་ཁུར་དང་འདྲི་ཞིབ་བྱས། ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། ཡོན་ཧྲི་ཝུའུ་ཐེན་དབྱི་ཡིས་མཐོ་སྒང་ལ་རྐང་བཙུགས་ནས་ལོ་བཅུ་ཕྲག་འགོར་བའི་རིང་། ཕུགས་བསམ་དད་སེམས་ཇེ་བརྟན་དུ་བཏང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ། འབད་བརྩོན་ལྷོད་མེད་ཀྱིས་མཐོ་སྒང་གི་གསོ་རིག་ཞིབ་འཇུག་ཁྲོད་ཞུགས་ནས་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་ཏེ། མཐོ་སྒང་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཐད་བྱས་རྗེས་འབུར་ཐོན་བཞག་པ་དང་། མི་ཚེ་གང་བོའི་དུས་ཚོད་སྤྱད་དེ་གུང་ཁྲན་ཏང་ཡོན་གྱི་ལྷག་བསམ་དང་འགན་ཁུར་འགྲེལ་བཤད་དང་ལག་བསྟར་བྱས་ཡོད། ཡོན་ཧྲི་ཝུའུ་ཐེན་དབྱི་ཡིས་ལུས་ཕུང་ལ་གཅེས་སྤྲས་བྱས་ནས་མུ་མཐུད་དུ་མཐོ་སྒང་གསོ་རིག་ལས་དོན་འཕེལ་རྒྱས་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་བཅངས་ཡོད་ཟེར། ཁོས་འབྲེལ་ཡོད་སྡེ་ཁག་གིས་ཞབས་ཞུའི་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་སྟེ། ཡོན་ཧྲིས་བློ་རྩེ་གཅིག་སྒྲིམ་གྱིས་ཚན་རིག་ཞིབ་འཇུག་ལས་དོན་སྤེལ་བ་དང་བདེ་ཐང་ངང་འཚོ་བ་རོལ་བར་ཆ་རྐྱེན་སྔར་ལས་ལེགས་པོ་བསྐྲུན་དགོས་པའི་མངགས་བཅོལ་བྱས།
འཐབ་མོ་པ་རྒན་པ། ཏང་ཡོན་རྒན་པ། མཚོ་སྔོན་གྱི་བཙོན་ཁང་སྡེ་ཁག་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དབྱང་ཝུན་ཧྥུའུ་ཡི་ཁྱིམ་དུ། ལུའོ་ཏུང་ཁྲོན་གྱིས་ཁོའི་ལུས་ཕུང་དང་འཚོ་བ། སྨན་པར་བསྟེན་པ་སོགས་ཀྱི་གནས་ཚུལ་ཞིབ་ཏུ་དྲིས་པ་དང་། སྤྱིར་བཏང་མིན་པའི་ལོ་ཟླར་མཉམ་དུ་ཕྱིར་དྲན་བྱས་པར་མ་ཟད། ཁོ་ནད་མེད་ཚེ་རིང་ཡོང་བ་དང་འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས། ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། ཏང་ཡོན་རྒན་པ་ནི་ང་ཚོའི་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་བདེན་དཔང་མཁན་དང་ཟབ་ཞུགས་མཁན། བྱས་རྗེས་འཇོག་མཁན་བཅས་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་དང་། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཡིན་པས། ཏང་ཡོན་རྒན་པའི་བླ་མེད་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་གཏོང་དགོས་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་དགོས་ཟེར། ཁོས་འབྲེལ་ཡོད་སྡེ་ཁག་གིས་ཏང་ཡོན་རྒན་པ་དང་བློ་མཐུན་རྒན་པའི་ཞབས་ཞུའི་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་པ་དང་། རང་འགུལ་སྒོས་བསམ་འཆར་དང་རེ་བར་ཉན་པ། ཧུར་ཐག་གིས་དོན་དངོས་སྒྲུབ་པ་དང་དཀའ་གནད་ཐག་བཅད་དེ་ཁོ་ཚོར་ཚེ་མཇུག་སྐྱིད་པོ་ཞིག་རོལ་དུ་འཇུག་དགོས་པའི་བླང་བྱ་བཏོན།