མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2026ལོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བ་དང་མཚོ་བོད་ལྕགས་ལམ་ཡོངས་སུ་མེ་འཁོར་ཤར་གཏོང་བྱས་ནས་ལོ20འཁོར་བའི་ལོ་རྒྱུས་རང་བཞིན་གྱི་དུས་ཀྱི་འདྲེས་མཚམས་འདིར། “མཁའ་ལམ”དུ་གྲགས་པའི་ལྕགས་ལམ་འདི་ལ་ཕྱིར་དྲན་ཞིག་བྱས་ན། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ“འཛམ་གླིང་ཡང་རྩེ”རུ་ཉམས་མེད་ངོ་མཚར་གྱི་ལེའུ་གསར་པ་ཞིག་བརྩམས་པའི་བརྒྱུད་རིམ་གསལ་བོར་མཐོང་ཐུབ།
ལོ་ངོ105ཡི་རིང་ལ། ཏང་ཀྲུང་དབྱང་གིས་མི་རིགས་རང་བཙན་དང་བཅིངས་གྲོལ་དོན་དུ་གཉེར་ནས་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་འབད་འཐབ་བྱས་པའི་བར་དུ། གངས་ལྗོངས་མཐོ་སྒང་དང་མཐོ་སྒང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་ཉར་ཞིང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཐོག་མའི་སེམས་འདུན་ཡིད་ལ་བཅངས་ཤིང་འགན་འཁྲི་ཕྲག་ཏུ་འཁུར་ཏེ། ཡངས་པའི་མཐོ་སྒང་ཡར་རྒྱས་གོང་དུ་སྤེལ་པའི་ཁྲོད་དུ་སེལ་དཀའ་བ་དང་སྒྲོལ་དཀའ་བའི་འགག་སྒོ་རེ་རེ་རིམ་པ་བཞིན་གཏོར་ཏེ་དམངས་ཚིས་དངོས་ལ་ཕན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་པས། མི་དམངས་ཀྱི་ཆེད་དུ་དངོས་སྒྲུབ་ལ་བརྟེན་ལ་སྲིད་འབྲས་བླངས་པའི་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བའི་སྙིང་བོ་གསལ་འགྲེལ་བྱས།

འཛམ་གླིང་གི་ཡང་རྩེ་རུ་འཕྲེད་དུ་བཅད་པའི་འགྲིམ་འགྲུལ་ལམ་ཆེན་འདི་ནི་ཏང་གིས་སྣེ་ཁྲིད་པའི་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་ཁག་རེ་རེ་ཁྱད་དུ་བསད་ཅིང་། མཐོ་སྒང་དུ་རྩ་བ་ཚུགས་ནས་རྡུང་བཟོ་བྱས་པའི་དུས་རབས་ཀྱི་ཉམས་པ་མེད་པའི་ངོ་མཚར་བྱས་རྗེས་ཤིག་ཡིན་པ་མ་ཟད། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ལག་ལེན་གྱི་རྟེན་ཁྱད་པར་ཡང་རེད།
ལོ་རྒྱུས་ཀྱི་མགོ་རྩོམ་ས་ནས་ཡར་འགྲེང་སྟེ། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་འཛིན་སྐྱོང་སྤེལ་གསུམ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་བཞེངས་སྐྲུན་དང་ལག་ལེན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་བཏང་བ་ནི་ང་ཚོས་འོད་སྟོང་འབར་བའི་ལོ་རྒྱུས་འདི་ལ་ལྷག་སེམས་ཟོལ་མེད་ཀྱིས་གུས་འདེད་ཞུ་ཆེད་རེད།
རྒྱལ་ཁབ་ཆེན་པོས་ཐུགས་རིས་ཕབ་ནས་ལམ་ཆེན་བཏོད།
གངས་ལྗོངས་ལྕགས་ལམ་རིང་མོས་མངག་བཅོལ་ཁུར་དུ་ཐེག
མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ནི་མི་རབས་དུ་མ་ཞིག་གི་ཀྲུང་གོ་བའི་རེ་འདུན་ཡིན།
1958ལོར་ཏང་ཀྲུང་དབྱང་གིས་དུས་རབས་ཀྱི་འཆར་འགོད་ཆེན་པོའི་དཔེ་རིས་གངས་ལྗོངས་མཐོ་སྒང་དུ་ཕབ་སྟེ། ལས་གཞི་རྒྱ་ཆེན་པོ་ཞིག་ལས་མགོ་དངོས་སུ་རྩོམ་ཞེས་པའི་སྐད་གསེང་མཐོན་པོ་ཞིག་ཁུ་ནུའི་རི་རྒྱུད་དུ་འབྲུག་ལྟར་གྲགས་པ་དང་འབྲེལ་ངར་ལྕགས་ལྟ་བུའི་ལམ་ལས་རུ་དཔུང་ཚེ་སྲོག་འཚོ་དཀའ་བའི་བཀག་སྡོམ་ཁུལ་དུ་ཤར་མར་གཤེགས་ནས། འཛམ་གླིང་ཡང་རྩེ་རུ་རི་ཆུ་བསྒྲིལ་བ་ངར་ལྕགས་ལས་བཟོས་པའི་རྒྱལ་ཁབ་ཀྱི་སྲོག་རྩ་སྟེ་ལྕགས་ལམ་འདང་རྒྱུའི་དམ་བཅོས། 1984ལོར་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་བར་དུ་མེ་འཁོར་ཤར་གཏོང་བྱས་ཤིང་། ངར་ལྕགས་ལྟ་བུའི་གཡུ་འབྲུག་ཅིག་གནའ་མཁར་ཟི་ལིང་ནས་ནུབ་ཕྱོགས་སུ་མཆོངས་ལ། དུས་དེ་ནས་བཟུང་ཚྭ་འདམ་གཞོང་གི་ཕྱི་རོལ་དང་ཡོངས་སུ་མ་འབྲེལ་བའི་ལོ་ཟླ་དེ་རྩ་བ་ནས་མཇུག་སྒྲིལ།
2006ལོར། མཚོ་བོད་ལྕགས་ལམ་ཡོངས་ཤར་གཏོང་བྱས། དེ་ནི་ཏང་གིས་མཐའ་མཚམས་ས་ཁུལ་དང་ཡུལ་དེའི་མང་ཚོགས་སེམས་སུ་ཉར་ཞིང་བརྩེ་བས་བཅིངས་པའི་ཁས་ལེན་གཙིགས་ཆེ་བ་དེ་དོན་ཐོག་སྨིན་ཏེ། གངས་ལྗོངས་ཀྱི་མ་འོང་འཕེལ་རྒྱས་ལ་རྒྱལ་ཁབ་ཀྱི་སྟོབས་ཤུག་དང་དུས་རབས་ཀྱི་སྒུལ་ནུས་རྫོགས་མེད་པ་ཞིག་བསྩལ།
ལྕགས་ལམ་འདི་ཡི་བསྲིངས་ཐེངས་རེ་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་ཀྱི་དཔེ་རེས་གཅིག་ཏུ་བསྡུས་ཡོད། དེ་ནི་རྒྱལ་ཁབ་ཀྱི་སྙིང་སྟོབས་ཡིན་ལ། མི་དམངས་ཀྱི་རེ་སྒུག་ཀྱང་རེད།
རྒྱལ་ཁབ་ཀྱི་འཐབ་ཇུས་འོག་ན། ས་གནས་ཀྱིས་ནུས་རྒུས་མཐོ་རུ་བཏེགས།
མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་དང་འཁོར་སྐྱོད་ལ་རྒྱབ་སྐྱོར་བྱེད་པ་ནི་གཡོལ་ཏུ་མེད་པའི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ཡོད། ཐོག་མའི་འཛུགས་སྐྲུན་དུས་སྐབས་ཀྱི་དངོས་ཟོང་འགན་སྲུང་དང་རྒྱབ་རོགས།དེ་ནས་མེ་འཁོར་ཤར་གཏོང་བྱས་རྗེས་ཀྱི་ལམ་སྐྱོང་མཉམ་འགོག ལམ་རྒྱུད་ཁོར་ཡུག་བཅོས་སྐྱོང་། ཐོན་ལས་ཀྱི་ལེ་ལག་ཆ་ཚང་བཀོད་སྒྲིག་བར་དུ། མཚོ་སྔོན་གྱིས“མཁའ་ལམ”ལ་སྲུང་སྐྱོབ་གང་ལེགས་བྱས་ཡོད།
ལོ་ངོ20ཡི་ནང་དུ། ལྕགས་ལམ་ཀྱི་འཁོར་ཤུགས་མཐོར་འདེགས་ཐེངས་རེ་དང་། ལྕགས་ལམ་གསར་པ་ཞིག་ཤར་གཏོང་བྱེད་ཐེངས་རེར། ལམ་རྒྱུད་ཀྱི་འབབ་ཚིགས་རེ་རེ་བསྐྲུན་ཐེངས་རེར་རྒྱབ་ཕྱོགས་ན་ས་གནས་ཏང་ཨུ་དང་སྲིད་གཞུང་གི་འབད་བརྩོན་ལྷུར་ལེན་དང་ནུས་ཤུགས་ཡོད་རྒུས་རམ་འདེགས་ཡོད། རིམ་པ་རེ་རེས་ཤུགས་སྒྲིལ། ཨ་ལོང་རེ་རེ་གཅིག་ཏུ་སྦྲེལ་ནས་མཉམ་དུ་གངས་ལྗོངས“མཁའ་ལམ”གྱི་འཕེལ་རྒྱས་ལ་འགན་སྲུང་བརྟན་པོ་ཞིག་འདོན་སྤྲོད་བྱས།
ལོ་ངོ20ཡི་རིང་ལ། མཚོ་བོད་ལྕགས་ལམ་གྱི་འཐབ་ཇུས་རིན་ཐང་ཉིན་རེ་ནས་ཉིན་རེར་མངོན་གསལ་ཡིན། དེ་ནི་བོད་ལྗོངས་དང་ནང་ལོགས་ཕན་ཚུན་སྦྲེལ་བྱེད་ཀྱི་ལྕགས་ལམ་གཅིག་པུ་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ཀྱི་འདེགས་སྐྱོར་གལ་ཆེན་དེ་ལས་ཀྱང་རེད།
2025ལོར་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཤོག་ཀུང་སིས(གཤམ་དུ་མཚོ་བོད་ལྕགས་ལམ་ཀུང་སི་ཞེས་བསྡུ་རྒྱུ། )སྔ་གཞུག་ཏུ་རིམ་རྩིས་བརྒྱབ་ན་དངོས་ཟོང་ཏུན་ཁྲི3083.8བསྐྱལ་ཡོད།
དེ་ནི་ལྗིད་ཏིག་ཏིག་གི་གྲངས་ཀ་ཞིག་ཡིན་ལ། ཆ་སྙོམས་ཉིན་རེར་དངོས་ཟོང་ཏུན་ཁྲི8.4“མཁའ་ལམ”འདི་བརྒྱུད་ནས་མཐོ་སྒང་དུ་བསྐྱལ་བ་མཚོན།
དེ་ལས་ཀྱང་དོ་སྣང་བྱེད་རིན་པ་ཞིག་ནི་དངོས་ཟོང་རིགས་མང་པོ་ཞིག་བརྟན་འཇགས་ངང་སྐྱེལ་འདྲེན་བྱེད་པ་དེ་རེད།
ན་ནིང་མཚོ་བོད་ལྕགས་ལམ་ཀུང་སི་དང་རྐང་འཛིན་ཁེ་ལས9ཡིས་སྤྱི་འབོར་ཏུན་ཁྲི1365ཡི་ལྕགས་ལམ་སྐྱེལ་འདྲེན་ཐད་ནས་ཕན་ཚུན་བར་གན་རྒྱ་བཞག་ནས་དངོས་ཟོང་ཆེ་རིགས་སྐྱེལ་འདྲེན་ལ“གྲུ་རྡོ”བརྟན་པོ་ཞིག་བཟོས།
ད་ལོའི་ཟླ6ཚེས28ཉིན་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་ནས་ཐུ་ཁུ་མན་སི་ཐན་པར་ཀན་བར་གྱི་གླིང་ཆེན་ཨེ་ཤ་ཡའི་མེ་འཁོར་ཐོག་མ་དེ་མཚོ་བོད་ལྕགས་ལམ་གྱི་ཧྲོང་ཀྲེ་ས་ཚིགས་ནས་ལམ་ལ་ཆས།
ལོ་ངོ20ཡི་རིང་ལ། ལྕགས་ལམ་གྱི་འཕར་རྩ་ཆེན་པོས་རྣམ་ཀུན་བདེ་འཇགས་ཤར་སྐྱོད་རྒྱུན་འཁྱོངས་བྱས་ནས་བྱ་སྤྱོད་དངོས་ཀྱི་སྟེང་ནས“མི་དམངས་ལྕགས་ལམ་མི་དམངས་ཀྱི་ཆེད་ཡིན”པའི་ཐོག་མའི་སེམས་འདུན་གསལ་འགྲེལ་བྱས་ཡོད།
མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ཀྱིས་མཚོ་སྔོན་གྱི་མི་རིགས་ཁག་གིས་གྲུབ་འབྲས་ཆེན་པོ་རེ་རེ་ལེན་པར་ཡར་སྐུལ་བྱས་ཤིང་། མཚོ་སྔོན་མི་དམངས་ལ་གསར་གཏོད་འཕེལ་རྒྱས་དང་། མཐུན་སྒྲིལ་འབད་འཐབ་ཀྱི་སྙིང་སྟོབས་ཆེན་པོ་དང་ཡིད་ཆེས་བརྟན་པོ་བསྩལ་ཡོད།
ཟོང་འདྲེན་རྒྱ་མཚོའི་རླབས་ཀྱིས་འགག་སྒོ་སིལ་བོར་གཏོར།
ཟོང་འགྲེམ་འཕར་རྩའི་རྒྱུན་གྱིས་མཐོ་སྒང་དར་ཞིང་འཕེལ།
ལོ་ངོ20ཡི་སྔོན་ལ། རི་ཀླུང་གིས་བསྐོར་བའི་གངས་ལྗོངས་ལ་བརྒལ་དཀའ་ཞིང་། ལམ་ཐག་རིང་ཞིང་ཀྱག་ཀྱོག་ཆེ་བའི་གཞུང་ལམ་བགྲོད་དཀའ་བ་མ་ཟད། དུས་རྒྱུན་གངས་ཆར་དང་ལྷགས་རླུང་གིས་དུས་ངེས་མེད་ལ་མདུན་ལམ་འགོག་སྲིད་པས། བཟོ་ལས་དང་གཏེར་ལས་ཁེ་ལས་ཀྱིས་མ་བཅོས་རྒྱུ་ཆ་ནང་དུ་འདྲེན་མི་ཐུབ་ལ། ཁྱད་ལྡན་ཐོན་རྫས་ཕྱི་རུ་བསྐྱལ་མི་ཐུབ་པ་མ་ཟད། དངོས་ཟོང་གི་མ་རྩ་ཧ་ཅང་མཐོ་བས་དུས་ཡུན་རིང་བོ་ཞིག་ལ་ས་ཁོངས་དེའི་འཕེལ་རྒྱས་ཀྱི་གེགས་སུ་གྱུར་ཡོད། ལམ་ཡོད་ན་ད་གཟོད་ལས་བརྒྱ་དར། མཚོ་བོད་ལྕགས་ལམ་ཤར་གཏོང་གིས་འགག་སྒོ་དེ་ཡོངས་སུ་གཏོར།
རྒྱལ་ནང་གི་ཆེས་ཆེ་བའི་ཚྭ་མཚོའི་ཐོན་ལས་ཚོགས་ལ་གཞི་བཅོལ་བའི་ཚྭ་ཁ་ནི་རྒྱལ་ཡོངས་ཀྱི་ཅཱ་ལུད་སྐྱེལ་འདྲེན་གྱི་ལྟེ་བར་ཡིན། མཚོ་བོད་ལྕགས་ལམ་གྱི་སྟོབས་ལྡན་སྐྱེལ་འདྲེན་ལ་གཞི་བཅོལ་ནས་ཚྭ་ཁའི་ཚྭ་མཚོ་ཐོན་ལས་ཚོགས་ཡར་རྒྱས་གོང་དུ་འཕེལ་ཏེ། ཅཱ་ལད་དང་རྨེ་ཚྭ། ལི་ཚྭ་ལ་སོགས་སྣ་མང་ཅན་གྱི་ཐོན་ལས་རྣམ་པ་ཆགས་ནས་མཚོ་སྔོན་བཟོ་ལས་དཔལ་འབྱོར་གྱི་འཕར་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཉེ་བའི་ལོ་རིང་ལ། མཚོ་བོད་ལྕགས་ལམ་ཀུང་སིས་ཕྱོགས་བསྡུས་དངོས་ཟོང་སྐྱེལ་འདྲེན་གྱི་ཞབས་ཞུ་རྒྱ་སྐྱེད་དེ། མ་ལམ་སྐྱེལ་འདྲེན་དང་། རིགས་དབྱེ་ཟོང་འདེམ། མཛོད་ཉར་སྐྱེལ་ལེན། ཆེད་སྤྱོད་གཉེར་སྐྱོང་དང་ཟོང་སྐྱེལ་དངུལ་རྩ་ལ་སོགས་ཀྱི་བྱེད་ནུས་ལེགས་སྒྲིག་བྱས་ཏེ། སྐུ་མགྲོན་ལ་ཧེ་བག་ཅན་དང་། ས་ཚིགས་གཅིག་གི་རྣམ་པས་ཟོང་འགྲེམ་གྱི་གོ་རིམ་ཧྲིལ་བོའི་གནད་དོན་ཐག་གཅོད་པའི་ཇུས་གཞི་ཞིག་འདོན་སྤྲོད་བྱས།
དེ་ནི་ཟོང་སྐྱེལ་གྱི་གཏིང་ཟབ་པའི་བཅོས་སྒྱུར་ཞིག་ཡིན་ཏེ། “དངོས་ཟོང་སྐྱེལ་འདྲེན”ཁོ་ན་མ་ཡིན་པར་ཁེ་ལས་ལ་ཆེད་དམིགས་སུ་བཟོས་པའི་གོ་རིམ་ཧྲིལ་བོའི་ཞབས་ཞུ་ཞིག་རེད།
གཞི་གྲངས་ལ་གོ་སྐོན་གྱི་ནུས་པ་ཆེན་པོ་ཞིག་ཡོད། 2025ལོ་ནས་བཟུང་བཤད་ན། མཚོ་བོད་ལྕགས་ལམ་ཀུང་སིས་དབོར་འདྲེན་འགན་སྲུང་ལེགས་སྒྱུར་དང་། ཞབས་ཞུ་གསར་གཏོད་ལ་སྐུལ་འདེད། གཉེར་སྐྱོང་ཕན་ཕྱོད་མཐོར་འདེགས་ལ་སོགས་ཀྱི་བྱེད་ཐབས་དུ་མ་བརྒྱུད་དེ། ཐོན་སྐྱེད་སྣ་ཚོགས་དང་ཟོང་སྐྱེལ་ཁེ་ལས་ཀྱི་ཟོང་འགྲེམ་མ་རྩ་སྒོར་དུང་ཕྱུར2.38མར་བཅག དེ་ནི་མིག་ཐོག་ལག་ཟིན་གྱི་ཁེ་བཟང་ངོ་མ་རེད་ལ། “མཁའ་ལམ”གྱིས་མཐོ་སྒང་ཁེ་ལས་ལ་ངེས་པ་དོན་གྱིས་འདེགས་སྐྱོར་བྱས་པ་ཞིག་ཀྱང་རེད།
2026ལོར་ཐོལ་བརྒལ་དེ་ལས་ཆེ་ཞིག་འབྱུང་ངེས།
མཚོ་བོད་ལྕགས་ལམ་ཀུང་སིས“ལྕགས་ལམ+ཆུ་ཐོག་སྐྱེལ་འདྲེན+གཞུང་ལམ”བཅས་ལམ་ཐག་ཐུང་ལ་བར་ཕོག་བར་སྐྱེལ་ལ་སོགས་སྐྱེལ་འདྲེན་བྱེད་སྟངས་དུ་མ་མཉམ་དུ་བསྲེས་པའི་རྣམ་པ་གསར་པ་ཐོག་མར་བཏོན་ཏེ། “གནས་གཅིག་ནས་གཅིག་ལ་སྐྱེལ་བའི”སྲོལ་རྒྱུན་གྱི་དངོས་ཟོང་སྐྱེལ་འདྲེན་གྱི་བཀག་རྒྱ་གཏོར་ནས་ཁེ་ལས་ལ“ལྕགས་ལམ་དང་། ཆུ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་གཅིག་ཐུབ་ལམ་ལུགས”ཀྱི་ཁྱོན་ཡོངས་ཞབས་ཞུ་འདོན་སྤྲོད་བྱས་ཡོད།
“གཅིག་ཐུབ་ལམ་ལུགས”ནི་ཁེ་ལས་ཀྱིས་ཐེངས་གཅིག་བཅོལ་བ་ཙམ་གྱིས་གོ་རིམ་ཧྲིལ་བོར་མཉམ་འབྲེལ་སྐྱེལ་འདྲེན་བྱེད་ཐུབ་པ་མཚོན། བུལ་ཏོག་ལྷད་མེད་ཀྱི་ཆེད་སྤྱོད་མེ་འཁོར་སྐོར་ཐོག་མ་ཤར་གཏོང་བྱས་པས་ཟོང་སྐྱེལ་གྱི་མ་རྩ་མངོན་གསལ་གྱི་མར་ཆག་ལ། དེ་ནི་མཐོ་སྒང་གི་ཟོང་སྐྱེལ་དེ་སྐྱོད་ཐུབ་པ་ནས་སྐྱོད་ཤེས་པ། སྐྱོད་བདེ་བོར་བསྒྱུར་བའི་མཚོན་བྱེད་རང་བཞིན་གྱི་གོམ་པ་དང་པོ་རེད།
བོད་ལྗོངས་སུ་འགྲོ་འོང་བྱེད་པའི་མེ་འཁོར་གྱི་དགེ་མཚན་ལ་བརྟེན་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཕྱིར་བསྐྱོད་པའི་ལམ་ཁ་ཡང་ཇེ་ཆེ་ནས་ཇེ་ཡངས་རེད། ན་ནིང་སིལ་ཏོག་དང་སྔོ་ཚལ་སོས་པ་ཏུན4537ལྕགས་ལམ་གྱི་འཁྱགས་སྦྲེལ་ལ་བརྟེན་ནས་ནང་ལོགས་ཀྱི་ཁྲོམ་རར་བསྐྱོད། ཞོགས་པའི་དྲོད་ཁང་ནང་གི་མཐོ་སྒང་སྔོ་ཚལ་དེ་ཉིན་འགའི་རྗེས་སུ་ནང་ལོགས་ཀྱི་གྲོང་མིའི་ཟས་ཅོག་སྟེང་ཐོན་འདུག
མེ་འཁོར་ཤར་གཏོང་བྱས་ནས་ལོ20ཡི་རིང་ལ། མཚོ་བོད་ལྕགས་ལམ་གྱིས་སྔ་རྗེས་སུ་བོད་ལྗོངས་སུ་དངོས་ཟོང་ཏུན་དུང་ཕྱུར1ལས་བརྒལ་བ་སྐྱེལ་འདྲེན་བྱས།
མཚོ་བོད་ལྕགས་ལམ་ནི་གངས་ལྗོངས་མཐོ་སྒང་དང་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་སྦྲེལ་བྱེད་ཀྱི་ལམ་ཐིག་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་གྱི་ས་ཁོངས་བརྒལ་བའི“གསེར་གྱི་ལམ་བུ”ཡང་ཡིན་པས། རྩ་བའི་ཆ་ནས་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར།
ཟོང་འགྲེམ་ལམ་ལྷུང་བྱུང་བ་ཡིས་ཐོན་ལས་ལ་གསོན་ཤུགས་བསྐྲུན།
དངོས་ཟོང་འཁོར་རྒྱུག་གིས་རི་ཚོགས་ཀྱི་འགག་འཕྲང་རེ་རེ་གཏོར་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལ་རིན་ཐང་གོ་འཕར་གྱི་དཔྱིད་དཔལ་ཤར།
ལྕགས་ལམ་བརྟེན་ནས་ལས་རྣམ་གསར་པ་འཕེལ།
ཁྱད་ལྡན་ཐོན་རྫས་གཡུར་ཟའི་འབྲས་བཟང་སྨིན།
དངོས་ཟོང་ཤར་མ་སྐྱེལ་ཐུབ་ན། ཐོན་ལས་ངང་གིས་དར་ཞིང་འཕེལ། མཚོ་བོད་ལྕགས་ལམ་གྱིས་འཁྱེར་འོང་བ་ནི་དངོས་ཟོང་གི་འཁོར་རྒྱུག་ལས་ལྷག་པའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྐྱར་བཞེངས་བྱས་པ་དེ་རེད།
ན་གོར་མོ་རུ་ལྕགས་ལམ་ཆེད་སྤྱོད་ལམ་ཐིག་ལ་གཞི་བཅོལ་བའི་ཟོང་སྐྱེལ་གླིང་ཁུལ་སྐོར་ཞིག་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ། མཛོད་ཉར་དང་། བཟོ་སྣོན། ཟོང་སྐྱེལ་གཞི་གཅིག་ཅན་གྱི་གཉེར་སྐྱོང་བཅས་རིམ་པ་བཞིན་དར་བའི་དབང་གིས་གནས་དེ་མཐོ་སྒང་ཐོན་རྫས་རྒྱལ་ཡོངས་ཀྱི་བསྡུ་འགྲེམས་བྱེད་སའི་ལྟེ་གནས་སུ་གྱུར། ལྕགས་ལམ་གྱི་གཤོག་པ་གང་དུ་བརྐྱངས་ན་ལས་ཞུགས་ལས་རྐང་གི་རྐང་ཚུགས་ས་ཡང་དེ་གར་ཡོད། མེ་འཁོར་གྱིས་སྐྱེལ་འདྲེན་དང་། དངོས་ཟོང་ཕབ་འཇུག ཟོང་སྐྱེལ་གྱི་ལེ་ལག་ཆ་ཚང་གིས་ས་གནས་ཀྱི་མང་ཚོགས་འབོར་ཆེན་ཞིག་བསྡུ་བཞིན་ཡོད།
ཝུའུ་ལན་རྫོང་གི་ཁེ་ཁེ་གྲོང་རྡལ་ནི་ལྕགས་ལམ་ལ་བརྟེན་ནས་བྱུང་ཞིང་། ལྕགས་ལམ་ལ་བརྟེན་ནས་དར་རྒྱས་བྱུང་བའི་གྲོང་རྡལ་ཆུང་ཆུང་ཞིག་ཡིན། མཚོ་བོད་ལྕགས་ལམ་ཡོངས་ཤར་གཏོང་བྱས་པའི་ལོ20རིང་གི་དུས་རབས་གསར་པའི་རླབས་རྒྱུན་ཁྲོད་དུ། ལྕགས་ལམ་ཁྲག་རྒྱུན་དང་འགྲིམ་འགྲུལ་གཤོག་ཟུང་གི་ཚུལ་དུ་ཐོན་ལས་ལ་གསོན་ཤུགས་བསྐྱེད་ཅིང་། ལས་ཞུགས་ལ་སྐུལ་འཁྲིད། དམངས་ཚིས་ལ་ཕན་བདེ་བསྐྲུན།
ཁེ་ཁེ་གྲོང་རྡལ་ཞིན་ལེ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལི་ཕའེ་ཁྲའོ་ཡི་ཕ་རྒན་ལི་ཐིན་རོང་ནི་ལོ་ངོ་བཅུ་ཕྲག་གི་སྔོན་ལ་སྡེ་མི་ཁྲིད་དེ་ཁེ་ཁེ་ས་ཚིགས་སུ་ལས་ཀ་བྱས། ལོ་རེར་སྡེ་མི50ཡིས་ཁེ་ཁེ་ས་ཚིགས་སུ་དངོས་ཟོང་ཡར་འཇོག་མར་ཕབ་དང་། ལྟ་སྐྱོང་། གད་བདར་ལ་སོགས་ཀྱི་ལས་ཀ་སྒྲུབ་བཞིན་ཡོད་པ་དང་། ཚང་མས“ལྕགས་ཀྱི་ཕོར་བ”དེ་ལ་བརྟེན་ནས་ཡོང་འབབ་གཏན་འཇགས་ཤིག་ལེན་ཐུབ་ཀྱི་ཡོད།
དེ་དང་ཆབས་ཅིག་ཏུ་ཡུལ་སྐོར་ལས་རིགས་ནི་ལྕགས་ལམ་གྱིས་ཐད་ཀར་ཕན་བཏགས་པའི་ཁེ་བཟང་རག་མཁན་དེ་ཡིན།
ན་ནིང་མཚོ་བོད་ལྕགས་ལམ་ཀུང་སིས་ཡུལ་སྐོར་བ་མི་ཐེངས་ཁྲི1878སྐྱེལ་འདྲེན་བྱས་ནས་ལོ་རྒྱུས་ཐོག་གི་དུས་མཉམ་དང་བསྡུར་ན་ཆེས་མཐོ་ཤོས་སུ་ཆགས་ཡོད། ལྕགས་ལམ་གྱིས་ལམ་རྒྱུད་གྱི་ཐགས་སུ་སྦྲེལ་བའི་མཛེས་ལྗོངས་ཁུལ་གྱི་ཐུན་མིན་གྱི་དགེ་མཚན་ལ་བརྟེན་ནས་ལོ་ཧྲིལ་བོར་ཡུལ་སྐོར་མེ་འཁོར192གཏོང་གི་ཡོད་པ་དང་། ཡུལ་སྐོར་སྐུ་མགྲོན་མི་ཐེངས་ཁྲི3ལ་བརྒལ་བར་ཞབས་ཞུ་སྒྲུབ་བཞིན་ཡོད།
དེ་ལས་ཀྱང་ཀུན་གྱིས་དོ་སྣང་བྱེད་ས་ཞིག་ཡོད་པ་ནི། ཟི་ལིང་ནས་ཉིང་ཁྲིའི་བར་གྱི་ཆེད་སྤྱོད་མེ་འཁོར་ཤར་གཏོང་བྱས་པ་དེ་རེད། ཡུལ་སྐོར་བས་ལམ་བར་དུ་མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་། ཨ་ཆེན་གངས་རྒྱབ་ཀྱི་མུ་མཐའ་མི་མངོན་པ། བོད་བྱང་གི་ཡངས་པའི་རྩྭ་ཐང་བཅས་ལ་རོལ་མྱོང་བྱེད་བཞིན་མཐར་བོད་ལྗོངས་ཉིང་ཁྲིར་འབྱོར་གྱིན་ཡོད། དེ་ནི་མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱིས་མཉམ་དུ་རིག་གནས་ཡུལ་སྐོར་གསར་སྤེལ་དང་བེད་སྤྱོད་ལ་སྐུལ་འདེད་བཏང་བའི་ཚོད་ལྟ་གསར་པ་ཞིག་རེད།
ལྕགས་ལམ་གྱི་ཞབས་ཞུའི་ཕྱག་ཟུང་དེ་རྒྱང་རིང་གི་འབྲོག་ཁུལ་དུ་བརྐྱངས། སྔ་གཞུག་ཏུ་བྲག་སྨུག་དང་མུ་ཏིག་ཚྭ་ཆུ་ཁ་སོགས་སྟོད་ཕྱོགས་སུ་འབབ་སྡོད་ཁང་བསྐྲུན་ནས་ཉེ་འཁོར་གྱི་ཡུལ་ཚོ་དང་གྲོང་རྡལ་མང་པོ་ཞིག་གི་འབྲོག་པ་ཁྲི་ལྷག་གི་འགྲོ་འོང་སྟབས་མི་བདེ་བའི་གནད་དོན་རྦད་དེ་ཐག་བཅད། ལོ་ངོ20ཡི་སྔོན་ལ། མཚོ་བོད་ལྕགས་ལམ་ཡོངས་སུ་མེ་འཁོར་ཤར་གཏོང་བྱས་པའི་ཉིན་དེར་མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུས་ལྷ་སའི་སྤྱི་བདེ་ཁང་ལྷ་སའི་འབབ་ཚིགས་མངག་གཏོང་ཁང་གི་ཡ་ཡ་ལས་ཀར་ཞུགས་མ་ཐག་ཡིན། ཁོས་ཕྱིར་དྲན་དུ། སྔོན་ཆད་ཀྲེན་ཀྲོའུ་རུ་སློབ་གཉེར་ལ་བསྐྱོད་དུས། ཐོག་མར་ལྷ་ས་ནས་རླངས་འཁོར་བསྡད་དེ་ན་གོར་མོ་བསྐྱོད་དགོས་པ་དང་། ན་གོར་མོར་འབྱོར་རྗེས་མེ་འཁོར་བསྡད་དེ་ཀྲེན་ཀྲོའུ་ལ་འགྲོ་དགོས། ད་ལྟ་ལྷ་ས་རང་ནས་མེ་འཁོར་བསྡད་དེ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ལ་བསྐྱོད་ཐུབ་པས་མི་རིགས་ཁག་གི་མང་ཚོགས་ཀྱི་འགྲོ་འོང་ལ་སྟབས་བདེ་ཆེན་པོ་ཞིག་བསྐྲུན་སོང་ཟེར།
དེ་རིང་རྣམ་པ་གསར་པ་འདི་འདྲ་ཞིག་གྲགས་འགུལ་མེད་པར་དར་བྱུང་བ་སྟེ། དེ་ནི་སྒེར་འཁོར་བསྐོར་བའི་ཡུལ་སྐོར་ཁྲོམ་རར་གཞི་བཅོལ་ཏེ། མཚོ་བོད་ལྕགས་ལམ་ཀུང་སིས“གནས་དང་དུས་ཚོད། ལམ་ཐིག་གསུམ་གཏན་འཁེལ”གྱི་སྒེར་འཁོར་ཡུལ་སྐོར་གྱི་རླངས་འཁོར་ཆུང་བ་དང་འགྲུལ་སྐྱེལ་རླངས་འཁོར་སྐྱེལ་འདྲེན་བྱེད་པའི་རྣམ་པ་གསར་པ་ཞིག་བཏོད་དེ། རླངས་འཁོར་ཆུང་ངུ3330ལྷག་སྐྱེལ་འདྲེན་བྱས། ཡུལ་སྐོར་བས་སྒེར་འཁོར་བསྐོར་ནས་བོད་ལྗོངས་སུ་བསྐྱོད་པ་ཡིན་ན། ཕྱིར་ལོག་དུས་རང་གི་རླངས་འཁོར་དེ་ལྕགས་ལམ་སྐྱེལ་འདྲེན་ལ་སྤྲད་རྗེས་རང་ཉིད་མེ་འཁོར་བསྡད་དེ་ཕྱིར་ལོག་ཆོག་པ་ཡིན།
ལོ་ངོ20ཡི་རིང་ལ། མཚོ་བོད་ལྕགས་ལམ་གྱིས་སྔ་རྗེས་སུ་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར1སྐྱེལ་འདྲེན་བྱས་ཡོད།
ཆར་རླུང་འདྲེས་མའི་ལམ་དུ་འདོང་པའི་ལོ་ངོ་ཉི་ཤུ། དཔྱིད་ཀྱི་མེ་ཏོག་སྟོན་གྱི་འབྲས་བུ་སྨིན་པའི་ལོ་ངོ་ཉི་ཤུ། མཚོ་བོད་ལྕགས་ལམ་ནི་སྔ་མོ་ཞིག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཕར་འགྲོ་ཚུར་འོང་གི“མཐུན་སྒྲིལ་ལམ་ཐིག”ཅིག་དང་། ས་ཁོངས་འཕེལ་རྒྱས་ཀྱི“དཔལ་འབྱོར་ལམ་ཐིག”དམངས་ཚིས་ལེགས་སྒྱུར་གྱི“བདེ་སྐྱིད་ལམ་ཐིག”ཅིག་ཏུ་གྱུར་ཡོད།
མེ་འཁོར་ཤར་གཏོང་བྱས་ནས་བགྲང་བྱ20འཁོར་བའི་མགོ་ཚུགས་ས་གསར་པ་འདི་ནས་འགྲེང་དུས། “འཛམ་གླིང་ཡང་རྩེ”རུ་འགྱིང་བའི་ལྕགས་ལམ་སྟེ“མཁའ་ལམ”ནི་སྔར་བཞིན་དུ་འཕེལ་རྒྱས་ལ་ཁེ་བཟང་བསྐྲུན་བཞིན་ཡོད་ལ། སྔར་བཞིན་དུ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་བསྩལ་ཞིང་། མི་རིགས་ས་ཁུལ་གྱི་ཡུན་རིང་བདེ་འགོད་ལ་སྲུང་སྐྱོང་བྱས་ཏེ། ཐུན་མོང་ཕྱུག་འགྱུར་དང་། ཡར་རྒྱས་གོང་དུ་འཕེལ་བའི་རྒྱང་ལམ་གསར་པར་གོམ་པ་བརྟན་པོས་བསྐྱོད་བཞིན་མཆིས།