དབྱར་གཞུང་ནི་ཤ་མོ་རིགས་སྣ་ཚོགས་སྐྱེ་བའི་ནམ་ཟླ་ཡིན་པས་མི་མང་པོ་ཞིག་གིས་རི་སྐྱེ་ཤ་མོ་བཏུས་ནས་ཟ་བཞིན་ཡོད་པ་མ་ཟད། ད་དུང་ཤ་མོ་འགའ་རེ་དུག་ཅན་ཡིན་མིན་དབྱེ་བ་ཕྱེ་ཐུབ་དཀའ་བ་རེད།
ཉེ་ཆར་ཀྲུང་གོ་ཚན་རིག་ཁང་གི་ཚན་རིག་མཁས་ཅན་གྱིས་བཙུགས་པའི་རྣལ་སྲིན་རྒྱལ་ཁབ་ཀྱི་གཞི་གྲངས་མཛོད་ཀྱིས་ཤ་མོ་དུག་ལྡན་དང་དུག་མེད་གང་ཡིན་པ་དབྱེ་འབྱེད་ཐུབ་པར་བྱས་འདུག
རི་སྐྱེ་ཤ་མོའི་གཞི་གྲངས་མཛོད་ཀྱི་ཤེས་བྱ་ཀུན་འདུས་དེབ་དྲ་ཐོག་ཏུ་བཀོད་པ།
རི་སྐྱེས་ཤ་མོའི་རྒྱལ་ཁབ་ཀྱི་གཞི་གྲངས་མཛོད་དེ་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་ཤ་མོ་ཐོན་ཁུངས་ཀྱི་གཞི་གྲངས་མཛོད་དང་ཡུན་ནན་རི་སྐྱེས་ཤ་མོའི་དངོས་གཟུགས་ཚད་གསུམ་རྣམ་པའི་གཞི་གྲངས་མཛོད་བཅས་ཀྱིས་གྲུབ་ནས་ད་ལྟ་རིན་མི་དགོས་པར་སྤྱད་ཆོག་པ་རེད།
ཡུན་ནན་རི་སྐྱེས་ཤ་མོའི་དངོས་གཟུགས་ཚད་གསུམ་རྣམ་པའི་གཞི་གྲངས་མཛོད་ནང་སྤུས་ཚད་མཐོ་བའི་ཤ་མོའི་ཚད་གསུམ་དཔེ་དབྱིབས་༤༢༣བསྡུས་ཡོད་པ་དང་ཚན་ཁག་༦༦ལ་གཏོགས་པའི་རྒྱུན་མཐོང་གི་ཤ་མོ་ཆེ་གྲས་༡༨༢ཡོད་པས་སྤྱི་དམངས་ཀྱིས་རི་སྐྱེས་ཤ་མོ་དབྱེ་འབྱེད་བྱེད་དུས་གཞི་འཛིན་ས་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད་པ་རེད།

ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་སུའོ་ཡི་ཚན་ཞིབ་མི་སྣས་མ་འོངས་པར་ཚད་གསུམ་གཞི་གྲངས་AIལ་སྤྲད་ནས་སྦྱོང་བརྡར་བྱས་ཏེ་ཚང་མས་རེ་སྒུག་བྱེད་པའི་ལག་ཐོགས་ཁ་པར་གྱི་AIརྣལ་སྲིན་ངོས་འཛིན་བྱེད་པའི་ཁ་པར་མཉེན་ཆས་ཤིག་གསར་སྤེལ་བྱ་རྒྱུ་ཡིན་པར་བཤད།

དུས་ཚོད་གཅིག་མཚུངས་སུ་ཁྱབ་བསྒྲགས་བྱས་པའི་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་རྣལ་སྲིན་ནམ་ཤ་མོ་ཐོན་ཁུངས་ཀྱི་གཞི་གྲངས་མཛོད་ཆེ་གྲས་ནང་རིམ་རྩིས་བྱས་ན་ཤ་མོ་དངོས་རིགས་དང་དམར་དཔེའི་གཞི་གྲངས་༨༧༩༡དང་དངོས་གཟུགས་འདྲ་པར་ཁྲི་༢.༨ལྷག་ཙམ་ཕབ་འཇུག་བྱས་ཡོད་པ་རེད།

ཤ་མོར་དུག་ཡོད་མེད་དཔྱད་པའི་ཐད་བཤད་སྲོལ་མང་ལ། དམངས་ཁྲོད་ཀྱི་བཤད་ཚུལ་ལའང་ཡིད་ཆེས་དེ་ཙམ་བྱ་མི་རུང་།
ལོ་ལྟར་ཟླ་༦པ་ནས་ཟླ་༨པའི་བར་ནི་རི་སྐྱེས་ཤ་མོ་མང་པོ་ཁྲོམ་རར་ཐོན་པའི་དུས་ཚིགས་ཡིན་པ་མ་ཟད། ཤ་མོའི་དུག་ཕོག་པ་མང་བའི་དུས་ཚིགས་ཤིག་ཀྱང་ཡིན་པ་རེད།
མིག་སྔར་གོ་ལ་ཧྲིལ་པོར་བཟའ་བཟའ་རུང་བའི་རི་སྐྱེས་ཤ་མོ་རིགས་༢༠༠༠ལྷག་ཙམ་ཡོད་པ་དང་། རང་རྒྱལ་གྱི་དུག་ལྡན་རི་སྐྱེས་ཤ་མོ་རིགས་༦༠༠ལྷག་ཙམ་ཡོད་པ་དེས་འཛམ་གླིང་སྤྱི་འབོར་གྱི་༥༠%ཙམ་བཟུང་ཡོད་པ་རེད། རི་སྐྱེས་ཤ་མོ་རིགས་སྣ་མང་དང་རྣམ་པ་སྣ་ཚོགས་ཡོད་པས་དམངས་ཚོགས་དཀྱུས་མའི་ངོས་ནས་བརྗོད་ན་དབྱེ་བ་འབྱེད་ཁག་པོ་ཡོད་པ་རེད།
ཡུན་ནན་ཞིང་ཆེན་ནད་ཡམས་སྔོན་འགོག་ལྟེ་གནས་འཚོ་བཅུད་དང་བཟའ་བཅའ་འཕྲོད་བསྟེན་སུའོ་ཡི་སུའོ་ཀྲང་ལིའུ་ཀྲི་ཐའོ་ཡིས་གཤམ་གསལ་གྱི་དམངས་ཁྲོད་ཤ་མོ་ལ་དུག་ཡོད་མེད་དབྱེ་བ་འབྱེད་པའི་བཤད་ཚུལ་དེ་དག་ལ་ཚན་རིག་གི་གཞི་འཛིན་ས་མེད་པ་དང་བློས་འགེལ་ཆོག་པ་ཞིག་མིན་ལ། ཁ་དོག་བཀྲ་བའི་རི་སྐྱེས་ཤ་མོར་དུག་ཡོད་པ་དང་། མདོག་གསལ་མོ་མིན་པའི་རི་སྐྱེས་ཤ་མོར་དུག་མེད་ཅེས་པའི་བཤད་སྲོལ་དེ་ཡང་དག་པ་ཞིག་མིན་པས། ཤ་མོ་ཡི་ཁ་དོག་ལ་བརྟེན་ནས་དུག་ཡོད་མེད་དབྱེ་བ་འབྱེད་མི་ཐུབ་ཅེས་ནན་གྱིས་བསྟན།

བཤད་ཚུལ་འགའ་རེའི་ནང་རི་སྐྱེས་ཤ་མོ་དང་སྒ་སྐྱ་དང་འབྲས། ཙོང་སོགས་མཉམ་དུ་བཙོ་དུས་གལ་ཏེ་ཤ་མོ་ནག་པོར་གྱུར་ན་དུག་ཡོད་པ་དང་། ཁ་དོག་མ་འགྱུར་བ་ན་དུག་མེད་པ་རེད་ཅེས་བཤད་སྲོལ་ཡོད་ལ་འདི་ཡང་བདེན་པ་ཁུངས་ཡོད་མིན།
ཤ་མོའི་དུག་རྒྱུ་ནི་སྐྱེ་དངོས་བ་ཚྭའི་རིགས་ཡིན་པས། དངུལ་ཆས་སམ་ཡང་ན་སྒ་སྐྱ་དང་འབྲས་སོགས་དང་འགྱུར་འབྱུང་མི་བྱེད། ད་དུང་འབུ་ཡིས་སོ་བཏབ་པའི་ཤ་མོ་ལ་དུག་མེད་པ་དེའང་ནོར་འཁྲུལ་གྱི་ངོས་འཛིན་ཞིག་ཡིན་པར་འདོད།
ཞིབ་འཇུག་ལས་ཤེས་གསལ་ལྟར་ན། དུག་ཆེ་བའི་ཨི་ཀའོ་ཤ་མོ་ལའང་འབུ་སྲིན་སྐྱེ་སྲིད་པ་རེད། ལིའུ་ཀྲི་ཐའོ་ཡིས་དུག་ལྡན་རི་སྐྱེས་ཤ་མོ་དབྱེ་བ་འབྱེད་པའི་ཚད་གཞི་ཞིག་ངོ་སྤྲོད་བྱས་པ་སྟེ། མགོ་ལ་ཞྭ་མོ་གྱོན་པ་དང་།སྐེད་པར་སྨད་གཡོགས་གྱོན་པ། རྐང་པར་འཇུར་རྟ་གྱོན་པ་ཞེས་པའི་དཔེ་ལྟ་བུ་རེད། རི་སྐྱེས་ཤ་མོ་འདིའི་རིགས་མང་ཆེ་བ་ནི་དུག་ལྡན་རྣལ་སྲིན་ཡིན་པས་དོགས་ཟོན་ཆེན་པོ་བྱེད་དགོས་པར་བཤད།

རི་སྐྱེས་ཤ་མོ་འབོར་ཆེན་ཁྲོམ་རར་འདོན་སྐབས་ངེས་པར་དུ་ཚད་ལྡན་ཁྲོམ་ར་དང་ཟ་ཁང་ནས་རི་སྐྱེས་ཤ་མོ་ཉོ་བའམ་སྤྱད་ན་ལེགས། རང་གིས་རི་ཁ་ནས་འཐུས་པའི་རི་སྐྱེས་ཤ་མོ་མ་ཟོས་ན་ལེགས།