ཉི་ཤུའི་ལང་ཚོར་སྐྱེས་སྟོབས་འབར། བགྲོད་ལམ་གསར་བར་སྤོབས་པས་སྐྱོད།
——ཀྲུང་གོ་བོད་ཀྱི་དྲ་བའི་ལོ་ངོ་ཉི་ཤུའི་རིང་གི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ།

2026ལོའི་ཟླ6པའི་ཚེས29ཉིན། ཀྲུང་གོ་བོད་ཀྱི་དྲ་བས་དྲ་ཚིགས་དབུ་བརྙེས་ནས་ལོ་འཁོར་ཉི་ཤུ་ལོན་པའི་ཉིན་མོ་བསུས། 2006ལོར་བཙུགས་པའི་རྒྱལ་ཡོངས་ཀྱི་རྒྱ་བོད་དབྱིན་གསུམ་གྱི་ཕྱོགས་བསྡུས་དྲ་ཚིགས་ཆེ་གྲས་འདི་ཉིད་ལོ་ངོ་ཉི་ཤུའི་རིང་གསར་གཏོད་དང་འཕེལ་རྒྱས་བཏང་བ་བརྒྱུད། ཆ་འཕྲིན་འགྲེམས་སྤེལ་གྱི་སྒེའུ་ཁུང་རྐྱང་པ་ཞིག་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་། རིག་གནས་ཀྱི་ཡིག་ཚགས། ཁྲིམས་ལུགས་དྲིལ་སྒྲོག རྒྱལ་སྤྱིའི་བརྒྱུད་སྤེལ། གཞི་རིམ་གྱི་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨྱན་སྦྱོར་གཙོ་བོའི་གཡུལ་ས་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད། ལོ་ངོ་ཉི་ཤུའི་རིང་ལ། དྲ་ཚིགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་རྐང་དུ་བྱས་ཏེ། ཏང་གི་སྐད་སྒྲ་གངས་ལྗོངས་འབྲོག་ཁུལ་དུ་གནད་ལ་འཁེལ་བའི་ངང་བརྒྱུད་བསྒྲགས་བྱས་པ་དང་ཆབས་ཅིག འཛམ་གླིང་ལ་གཙང་གསུམ་མགོ་ཁུངས་ཀྱི་ས་གཞི་ཆེན་མོའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ངོ་མ་བརྗོད་དེ། བོད་འབྲེལ་ས་ཁུལ་གྱི་དྲ་རྒྱའི་གཡུལ་སའི་སྟེང་གི་བཀྲག་མདངས་འཚེར་བའི་དར་ཆ་ཞིག་ཏུ་གྱུར་ཡོད།
"སྐབས་དོན་བརྒྱུད་སྒྲོག"ནས"སེམས་ཀྱི་ཨ་ལོང་ཆེན་པོའི"བར། སྐབས་དོན་ཆབ་སྲིད་ཁྱབ་སྤེལ་བྱས་ཏེ་གླེང་ཕྱོགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ།
ཆ་སྙོམས་མཚོ་འཕགས་སྨི4000ཡོད་པའི་མཚོ་བོད་མཐོ་སྒང་དུ། ཆ་འཕྲིན་བརྒྱུད་གཏོང་གི་མྱུར་ཚད་ཀྱིས་སྲིད་ཇུས་དོན་འཁྱོལ་གྱི་དྲོད་ཚད་ཐག་གཅོད་བྱེད་པ་ཡིན། ལོ་ངོ་ཉི་ཤུའི་རིང་། ཀྲུང་གོ་བོད་ཀྱི་དྲ་བས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་པས་དྲ་ཚིགས་སྒྲུབ་པ་དེ་རྩ་དོན་ཨང་དང་པོར་བརྩིས་ནས། སྲིད་དོན་ཆ་འཕྲིན་གྱི་ལོ་ཙཱའི་དབང་ཤུགས་རང་བཞིན་དང་གནད་འཁེལ་རང་བཞིན། དུས་ནུས་རང་བཞིན་བཅས་སྲོག་རྩ་རུ་བཟུང་ཡོད།
དྲ་ཚིགས་བཙུགས་པ་ནས་བཟུང་གཟབ་ནན་གྱི་འགྱུར་མེད་འགྲེམས་སྤེལ་ལམ་སྲོལ་བཙུགས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་སྐབས་དོན་ཆབ་སྲིད་ཆ་འཕྲིན་གཙོ་བོར་དམིགས་ནས། ཉིན་རེའི་ཉིན་གུང་གི་ཆུ་ཚོད12སྔོན་ལ་བོད་ཡིག་ཏུ་བསྒྱུར་ཏེ། ཞིབ་བཤེར་གསུམ་དང་ཞུ་དག་གསུམ་བརྒྱུད་དེ་སྟེགས་བུ་ཡོངས་ལ་བརྒྱུད་སྐུར་བྱེད་པ་དང་། ཞིང་ཆེན་ནང་ཁུལ་གྱི་གསར་འགྱུར་གལ་ཆེན་ནི་དུས་ཐོག་ཏུ་བསྡུ་ལེན་དང་ཞིབ་བཤེར་བྱེད་པ་དང་། མཚན་མོ་མི་ཡོལ་བར་ལོ་ཙྰ་བྱས་པ་ཡིན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྐབས་སུ། དྲ་ཚིགས་ཀྱིས་ལོ་ཙཱ་ལས་དོན་ཚན་ཆུང་བཙུགས་ཏེ། ཚོགས་འདུའི་ཡིག་ཆ་དང་སྲིད་ཇུས་འགྲེལ་བཤད"དུས་ཐོག་ཏུ་བསྒྱུར་བ་དང་། གནད་ལ་འཁེལ་བའི་བརྒྱུད་སྒྲོག"མངོན་འགྱུར་བྱུང་ཞིང་། ལོ་རེར་ཆ་སྙོམས་སུ་ཚོགས་འདུ་གཉིས་ཀྱི་སྐད་གཉིས་རྩོམ་ཡིག300ལྷག་ལོ་ཙཱ་དང་སྒྲོག་སྤེལ་བྱས་ཡོད། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཁྱབ་བསྒྲགས་བྱས་རྗེས་ཀྱི་ཆུ་ཚོད24ཡི་ནང་ལོ་ཙཱ་ལེགས་འགྲུབ་བྱས་ཏེ་དྲ་ཐོག་ཏུ་སྤེལ་བ་མ་ཟད། སྐད་གཉིས་རིས་འགྲེལ་དང་། བོད་སྐད་ཀྱི་སྒྲོག་འདོན་སོགས་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཐོན་རྫས་མཉམ་དུ་སྤེལ་བཞིན་ཡོད།
“སྔོན་ཆད་སྲིད་དོན་གྱི་ཐ་སྙད་དང་ཆེད་ལས་ཐ་སྙད་མང་པོ་ཞིག་གི་བོད་ཡིག་ལོ་ཙཱ་བྱེད་སྟངས་གཅིག་གྱུར་མིན་པས། ཐ་སྙད་ཀྱི་གོ་དོན་ལ་གོ་བ་ལེན་སྟངས་ལའང་ནོར་འཁྲུལ་འབྱུང་སླ་བ་དང་། ཞུ་དག་བྱེད་སྐབས་གནད་དོན་འབྱུང་བར་སེམས་ཁུར་བྱེད་བཞིན་ཡོད།”གཞི་རིམ་ལོ་ཙཱའི་བྱ་བ་གཉེར་མཁན་མཚོ་མོ་སྐྱིད་ཀྱིས་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར། "ད་ལྟ་ཀྲུང་གོ་བོད་ཀྱི་དྲ་བའི་རྩོམ་ཡིག་དཔྱད་གཞིར་བཟུང་ན། མ་ཡིག་གི་ལོ་ཙཱའི་ནང་དོན་ཡང་དག་པ་དང་། ཐ་སྙད་ཀྱི་གོ་དོན་ཡང་གསལ་བོར་རྟོགས་ཐུབ་ལ། བོད་སྐད་ཡིག་བཀོལ་སྤྱོད་བྱེད་པ་ལའང་ཚད་ལྡན་གྱི་ཚད་གཞི་ཡོད། ཀྲུང་གོ་བོད་ཀྱི་དྲ་བའི་དཔྱད་གཞི་ཡོད་པས། ཡང་དང་བསྐྱར་དུ་ཞིབ་བཤེར་བྱེད་མི་དགོས་ལ། དུས་ཚོད་གྲོན་ཆུང་བྱེད་ཐུབ་པ་མ་ཟད། ལོ་ཙཱའི་ཡང་དག་རང་བཞིན་ལའང་ཁག་ཐེག་བྱེད་ཐུབ"ཟེར། དུས་ཚོད་དང་འགྲན་རྒྱུག་བྱེད་པའི་བྱ་བའི་ཚད་གཞི་འདི་འདྲ་ཞིག་ལས། དྲ་ཚིགས་ཀྱི་སྤུས་ལེགས་རྩོམ་ཡིག་རྒྱལ་ཡོངས་ཀྱི་བོད་འབྲེལ་ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་ཀྱི་རིམ་པ་སོ་སོའི་དྲིལ་སྒྲོག་སྟེགས་བུར་རྒྱ་ཁྱབ་ངང་བརྒྱུད་སྤེལ་བྱས་པ་དང་། འབྲོག་ཁུལ་གྱི་དམངས་ཕན་སྲིད་ཇུས་ཕྱོགས་བསྡུས་ཁྱབ་ཚད95%ཡན་ལ་སླེབས་ནས། སྲིད་ཇུས་དྲིལ་སྒྲོག་གཞི་རིམ་དུ་ཐད་ཀར་འབྱོར་བའི“མཇུག་མཐའི་ལེ་དབར་གཅིག”ངེས་པ་དོན་གྱིས་ཤར་གཏོང་བྱས་ཡོད།
སྒྲིག་སྲོལ་དམ་པོར་བརྩི་སྲུང་བྱེད་པའི་དུས་མཚུངས་སུ། དྲ་ཚིགས་ཀྱིས་རིགས་པའི་གཞུང་ལུགས་བརྒྱུད་སྒྲོག་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་བཞིན་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་ལེའུ་བརྒྱ་ལྷག་གི་སྒྲ་ལྡན་འགུལ་རིས་དང་། བོད་སྐད་ཀྱི་དཔྱད་གཏམ་ལེ་ཚན《ཀླད་ཀྱི་གཏམ》སོགས་སྤུས་ལེགསIPརྣམས་སྒྲ་ཟློས་དང་བརྙན་ཐུང་སོགས་ཀྱི་རྣམ་པས་དྲང་ཕྱོགས་ཁྲིད་སྟོན་བྱས་ཏེ། དྲ་རྒྱའི་སྤྱིའི་ཁྱབ་སྒྲོག་བྱེད་ཚད་བསྡོམས་པས་ཆ་སྙོམས་སུ་ཐེངས་ཁྲི་སྟོང་ལས་བརྒལ་ཡོད། བྱིངས་སིམ་རྣམ་པ་དང་རང་ཡུལ་ཅན་གྱི་སྐད་གཉིས་ཁྱབ་སྤེལ་བྱས་པ་བརྒྱུད། དྲ་ཚིགས་ཀྱིས་མི་རིགས་སོ་སོའི་མང་ཚོགས་ཀྱིས“མོས་མཐུན་ལྔ”ཇེ་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བོད་འབྲེལ་དྲ་རྒྱའི་བར་སྟོང་ནུས་ལྡན་ངང་གཙང་སེལ་བྱས་ཡོད།
“ལོ་ཙཱའི་ཚིག་མཛོད”ནས“སྤྲིན་སྣེའི་འབྲོག་རའི”བར། སྨྱན་སྦྱོར་མཉམ་འདྲེས་རིགས་སྒྱུར་དང་བསྐྱར་བཞེངས་ཀྱི་བརྒྱུད་སྤེལ་རྣམ་པ་གཏོད་པ།
ཡོངས་འདུས་སྨྱན་སྦྱོར་གྱི་དུས་རབས་ནང་བརྒྱུད་སྤེལ་རྣམ་པར་འཕོ་འགྱུར་གཏིང་ཟབ་བྱུང་བར་ཁ་གཏད་ཏེ། ཀྲུང་གོ་བོད་ཀྱི་དྲ་བས་སྲོལ་རྒྱུན་གྱི་འགུལ་མེད་རྣམ་པའི་གསར་འགྱུར་འགྲེམས་སྤེལ་བྱེད་སྟངས་སྔོན་ལ་མེད་པར་བཟོས་ནས། བཅར་འདྲི་དང་རྩོམ་སྒྲིག ལོ་ཙཱ་བཅས་ཀྱི་དཔུང་སྡེ་ཕྱོགས་ཡོངས་ནས་སྨྱན་སྦྱོར་མཉམ་འདྲེས་ཕྱོགས་སུ་གོམ་ཁ་བསྒྱུར་བར་སྐུལ་འདེད་བཏང་། “ལོ་ཙཱ་སྒྲིག་ཞུ+གསར་གཏོད་ཐོན་སྐྱེད”གཞི་གཅིག་ཅན་གྱི་བརྒྱུད་རིམ་དེ་རྒྱུན་རྣམ་ཅན་དུ་གྱུར་ཡོད་ཅིང་། བརྗོད་དོན་དྲིལ་བསྒྲགས་གལ་ཆེན་གྱི་བྱ་བ་སྒྲུབ་སྐབས་དཔུང་སྡེས་མགྱོགས་མྱུར་དང་ལེན་དང་དུས་ཐོག་ཇུས་འགོད་བྱས་ཏེ། རྒྱུན་རྣམ་ཅན་དུ་སྐད་གཉིས་བརྙན་ཐུང་དང་། བརྗོད་དོན་ཁྱབ་བརྡ། H5མཉམ་འགུལ་དྲ་ངོས། VRཡུལ་ལྗོངས། སྲིད་ཇུས་རིས་འགྲེལ་སོགས་མཐོང་ནུས་ཅན་གྱི་ཐོན་རྫས་བཏོན་ནས། བོད་འབྲེལ་ས་ཁུལ་གྱི་དྲིལ་བསྒྲགས་སྔར་ལས་གསོན་ཉམས་ལྡན་ལ་ཐད་མཐོང་ཅན་དུ་གྱུར་ཡོད།
དྲ་ཚིགས་སྟེང་ཉིན་རེར་རྒྱུན་ཆད་མེད་པར་འགྲེམས་སྤེལ་བྱས་པའི་ཚད་གཞི་མཐོ་བའི་རྒྱ་བོད་འགྱུར་ཡིག་དང་། སྲིད་ཇུས་ཀྱི་ཐ་སྙད་དོན་འགྲེལ། ཆ་ཚང་བའི་དྲིལ་སྒྲོག་དཔྱད་གཞིའི་ཡིག་ཆ་བཅས་ལས“དྲ་ཐོག་དྲིལ་སྒྲོག་དཔྱད་གཞིའི་མཛོད”ཆེན་པོ་ཞིག་གྲུབ་ཡོད། ཐོན་ཁུངས་དེར་བོད་འབྲེལ་ས་ཁུལ་གྱི་ཁུལ་དང་རྫོང་སོ་སོའི་གཞི་རིམ་ལོ་ཙཱ་བ་དང་དྲིལ་སྒྲོག་ལས་བྱེད་པས“ཁུག་མའི་ནང་གི་ལོ་ཙཱའི་ཚིག་མཛོད”ཅེས་བརྗོད་བཞིན་ཡོད་དེ། ཁྱིམ་ཚང་དུ་སྒྲོག་འགྲེལ་བྱེད་པའམ་ཡང་ན་ཡིག་ཆ་ལོ་ཙཱ་བྱེད་པ་གང་ཡིན་རུང་དུས་དང་རྣམ་པ་ཀུན་ཏུ་ཚད་ལྡན་གྱི་ལོ་ཙཱ་བྱེད་སྟངས་དང་དབང་ཤུགས་ལྡན་པའི་དཔྱད་གཞི་བསྡུ་ལེན་བྱེད་ཐུབ་པས། དེ་སྔའི་གཞི་རིམ་གྱི་སྐད་གཉིས་ལོ་ཙཱའི་བསྒྱུར་མིང་གཅིག་གྱུར་མི་ཡོང་བ་དང་དྲིལ་སྒྲོག་རྒྱུ་ཆ་ཚད་གཞི་ཞན་པ་སོགས་ཀྱི་དཀའ་གནད་ནུས་ལྡན་ངང་ཐག་གཅོད་བྱས་ཡོད།
2022ལོའི་ཟླ9པར། ཀྲུང་གོ་བོད་ཀྱི་དྲ་བའི་སྤྱོད་སྣེ་དངོས་སུ་ཤར་གཏོང་བྱས་ནས་གསར་འགྱུར་གཙོ་བོ་དང་། སྐབས་དོན་ཆབ་སྲིད། སྐྱེ་ཁམས། ཏང་འཛུགས། སྲིད་ཁྲིམས། མི་རིགས་མཐུན་སྒྲིལ། རིག་གནས་སོགས་ལེ་ཚན11བཙུགས་ཤིང་། དེས་དྲ་ཚིགས་དེ་སྲོལ་རྒྱུན་སྨྱན་སྦྱོར་ནས་ཡོངས་འདུས་སྨྱན་སྦྱོར་གྱི་ལས་སྟེགས་སུ་གོམ་པ་སྤོས་པ་མཚོན་ཡོད། ད་སྐབས་དྲ་ཚིགས་ཀྱིས་གཞུང་ཕྱོགས་དྲ་ཚིགས་དང་། གསར་འགྱུར་སྤྱོད་སྣེ། དེ་བཞིན་སྟེགས་བུ་ཡོངས་ཀྱི་སྨྱན་སྦྱོར་གསར་པའི་རྩིས་ཐོ་བཅས་མཉམ་སྤེལ་གྱི་སྐད་གསུམ་བརྒྱུད་སྤེལ་བྱེད་སྟངས་ཤིག་བཙུགས་ཡོད་ལ། ཉིན་རྒྱུན་གྱི་ལྟ་ཀློག་བྱེད་མཁན་གོ་ལ་ཧྲིལ་པོའི་རྒྱལ་ཁབ40ལྷག་ལ་ཁྱབ་པ་དང་། དབྱིན་ཡིག་པར་གཞིར་ལྟ་ཀློག་བྱེད་ཚད་ཉིན་རེར་ཆ་སྙོམས་མི་ཐེངས་སྟོང་ཕྲག་ཁ་ཤས་ཟིན་ཞིང་། ཆ་འཕྲིན་རྒྱལ་ཁབ་དང་ས་ཁུལ90ལྷག་ལ་ཁྱབ་འགྱེད་བྱེད་བཞིན་མཆིས། བོད་ཡིག་གི་གདོད་རྩོམ་ཐོན་ནུས་དང་ཕྱོགས་བསྡུས་བརྒྱུད་སྤེལ་གྱི་ཤུགས་རྐྱེན་ཐེབས་ཚད་རྒྱལ་ཡོངས་ཀྱི་མི་རིགས་སྨྱན་སྦྱོར་སྐོར་གྱི་སྐས་རིམ་དང་པོར་བརྟན་རླིང་ངང་གནས་ཡོད།
ནང་དོན་གཏིང་ཟབ་སྤེལ་བའི་ཐད། དྲ་ཚིགས་ཀྱིས་བརྒྱུད་རིམ་ལྡན་པའི་སྒོ་ནས་བོད་རིགས་ཀྱི་རིག་གནས་ལོ་རྒྱུས་ཀྱི་གཞུང་ལུགས་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་རྩལ། བོད་ཀྱི་གསོ་རིག་རིག་གནས། གེ་སར་རྒྱལ་པོའི་ལོ་རྒྱུས་སྙན་ངག་སོགས་ཁྱད་ལྡན་ཐོན་ཁུངས་བསྡུ་རུབ་ལེགས་སྒྲིག་བྱས་ནས། ཆེད་ལས་ཅན་གྱི་བོད་ཡིག་གྲངས་འཛིན་ཡིག་ཆའི་མཛོད་བསྐྲུན་ཏེ། མཐོ་སྒང་གི་རིག་གནས་ནོར་བུ་དུས་གཏན་ཉར་ཚགས་དང་གསོན་ཉམས་དོད་པོར་བརྒྱུད་སྤེལ་ཐུབ་པར་བྱས། ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་དང་། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར90ལོན་པ། “མདེལ་གཉིས་སྐར་གཅིག”ལེགས་འགྲུབ་བྱུང་ནས་ལོ་འཁོར60ལོན་པ། མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་ནས་ལོ་འཁོར20ལོན་པ་སོགས་ལོ་རྒྱུས་ཀྱི་དུས་རིམ་གལ་ཆེན་ལ་དམ་པོར་དམིགས་ནས། དྲ་ཚིགས་ཀྱིས་ས་གནས་དེ་གའི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ།《“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས》སོགས་ཀློག་དེབ་གང་མང་བསྒྱུར་ནས་བརྒྱུད་སྤེལ་བྱས་པ་མ་ཟད། ད་དུང་བོད་འབྲེལ་ས་ཁུལ་ཏུ་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་བོད་སྐད་རྣམ་པའིH5ཐོག་མ་སྟེ“ལོ་རྒྱུས་བཞིའི་ཤེས་བྱ་འགྲན་སློང་དྲིས་ལན”ཞེས་པ་བཏོན་པ་དང་། ཉིན་དང་པོར་དྲ་ཐོག་ཏུ་ཞུགས་ནས་དྲི་ལན་འདེབས་མཁན་མི་ཐེངས2000ལས་བརྒལ་བས་བོད་སྐད་ཡིག་སྤྱོད་མཁན་གྱི་སློབ་སྦྱོང་གི་སྤྲོ་སེམས་ནུས་ལྡན་སྒོས་འཕེལ་བར་བྱས།
མི་རིགས་མཐུན་སྒྲིལ་དང་། གྲོང་གསེབ་དར་སྤེལ། སྐྱེ་ཁམས་ཁྲིམས་སྐྱོང་བཅས་སྒྲོག་འགྲེལ་བྱེད་པའི་ཐད། དྲ་ཚིགས་ཀྱིས《མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》དང《མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》སོགས་ལྟེ་བའི་བཅའ་ཁྲིམས་ཁྲིམས་སྲོལ་བོད་ཡིག་ཏུ་བསྒྱུར་བ་དང་འབྲེལ། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་རྒྱག་པའི་བརྙན་ཐུང་དང་འབྲོག་ཁུལ་གྱི་ཁ་སྐད་ཅན་གྱི་རིས་འགྲེལ་ཆ་ཚང་བཏོན་ལ། 《གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་དྲི་བ100》སོགས་སྲིད་ཇུས་ཀློག་དེབ་ལ་དམིགས་ནས་ཐོན་ལས་འཕེལ་རྒྱས་དང་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་གཙོ་གནད་ནང་དོན་གོ་བདེ་ཞིང་ཤེས་སླ་བའི་སྐད་གཉིས་སུ་བསྒྱུར་ཡོད། སྐྱེ་ཁམས་སྲུང་སྐྱོབ་ལ་དམིགས་ཏེ་དྲ་ཚིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལ་རྟོག་ཞིབ་ཐེངས་གསུམ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་སྟེ། ཕྱུགས་བསྐྱུར་རྩྭ་བཀག་དང་རྩྭ་ཕྱུགས་དོ་མཉམ། ཆུ་ཁུངས་དོ་དམ་སྲུང་སྐྱོབ་སོགས་ཀྱི་རྒྱུན་ཤེས་ཁྱབ་གདལ་དུ་བཏང་།
“ཁོང་གཉིས་ཀྱིས་དབུལ་ཐར་འགག་སྒྲོལ་དང་། སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་དར་སྤེལ་བཅས་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་འབྲོག་ཁུལ་དེ་རྩྭ་ཆུ་བསྙེགས་ནས་སྡོད་པ་ལས་གཞིས་ཆགས་ཐོན་ལས་དར་བའི་བར་དང་། ཆ་འཕྲིན་བཀག་སྡོམ་ནས་སྤྲིན་སྣེའི་འབྲོག་རའི་བར་གྱི་འཕོ་འགྱུར་ཞིབ་ཕྲའི་ངང་གླེང་བྱུང”ཞེས་དྲ་ཚིགས་ཐོག་སྤེལ་བའི་གསར་འགྱུར་ཞིག་གི་ནང་གཞི་རིམ་གྱི་སྒྲོག་འགྲེལ་རྣམ་པ་དེ་ལྟར་བཀོད་ཡོད་ཅིང་། སྒྲོག་འགྲེལ་དེར“ས་འདམ་གྱི་དྲི་མ་ཡོད་ལ། མར་རྩམ་གྱི་དྲི་ཞིམ་ཡང་ལྡན་པས་གསོན་ཉམས་དོད་པོ་ཞིག་རེད།” ས་འདམ་དུ་རྩ་བ་ཚུགས་པའི་གནས་ཚུལ་ཞིབ་བརྗོད་དེ་རིགས་ཀྱིས་སྲིད་ཇུས་དངོས་གནས“སྤྱིར་བཏང་གི་འབྲོག་ཁྱིམ་དཀྱུས་མའི་ཁྲོད་དུ་ཁྱབ་པར”བྱས་ཡོད།
ཕྱི་ཕྱོགས་སུ་བརྒྱུད་སྤེལ་བྱེད་པའི་ཐད། དྲ་ཚིགས་ཀྱིས《གཙང་པོའི་འབྱུང་ཡུལ་ལ་གཟིགས་པ》ཞེས་པའི་དབྱིན་ཡིག་ཆེད་བསྒྲིགས་ལེ་ཚན་ལ་བརྟེན་ནས་སྲོལ་ལུགས་ཅན་གྱི་སྒྲོག་འགྲེལ་བྱེད་སྟངས་དོར་ཏེ་གཞི་རིམ་གྱི་ཕྲ་མཐོང་གཏམ་རྒྱུད་ལས་མཐོ་སྒང་འཕེལ་རྒྱས་ཀྱི་རྣམ་པ་ངོ་མ་མངོན་པར་བྱེད་པ་སྟེ། མི་རིགས་མཐུན་སྒྲིལ་གསར་གཏོད་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་བར་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམངས་འཚོ་ཇེ་ལེགས་སུ་གཏོང་བ་ནས་རིག་གནས་རྒྱུན་འཛིན་བར། མི་སྒེར་གྱི་གནས་ཚུལ་གསལ་པོར་བརྗོད་པའི་ཐོག་ནས་རྒྱལ་ཁོངས་ཕྱི་རོལ་གྱི་ཕྱོགས་རེ་བའི་འགྲེལ་བཤད་སེལ་ཏེ་བོད་འབྲེལ་བརྗོད་གཞིའི་རྒྱལ་སྤྱིའི་གཏམ་དབང་རྒྱུན་མཐུད་ངང་ཇེ་ཆེར་བཏང་།
“མཇུག་མཐའི་ལེ་དབར་གཅིག”ནས“སྙིང་ཁོང་རུས་པའི་གཏིང”བར། དམངས་ཕན་ཞབས་ཞུ་ལས་དམངས་སེམས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།
དྲ་ཚིགས་བཙུགས་པའི་ཚུན་ལ། ཀྲུང་གོ་བོད་ཀྱི་དྲ་བས་མི་དམངས་ལྟེ་བར་འཛིན་པའི་དྲ་སྒྲུབ་འདུ་ཤེས་རྒྱུན་འཁྱོངས་དང་། འབྲོག་ཁུལ་ཐོན་སྐྱེད་འཚོ་བའི་དོན་དངོས་ལ་རྐང་བཙུགས་ཏེ། སྐད་གཉིས་ཀྱི་དམངས་ཕན་ཞབས་ཞུ་བསྒྲུབས། རྒྱུན་རྣམ་ཅན་གྱི་ཞིང་ཕན་སྲིད་ཇུས་ཀློག་འགྲེལ་དང་། གནམ་གཤིས་གནོད་འཚེའི་སྔོན་བརྡ། ཞིང་ཕྱུགས་ལས་ལག་རྩལ། སྨན་བཅོས་ལས་ཞུགས་མཛུབ་སྟོན། གཡོ་བསླུས་ལ་རྒོལ་བའི་བདེ་འཇགས་དྲིལ་སྒྲོག བདེ་ཐང་ཤེས་བྱ་སོགས་དྲ་ཚིགས་སུ་བཀོད་དེ། འབྲོག་ཁུལ་མང་ཚོགས་ཀྱི་ཉན་སྤྲོ་བ་དང་གོ་བ་ལེན་ཐུབ་པའི་སྐད་བརྡའི་ལམ་ནས་སྲིད་ཇུས་ཁྲིམས་སྲོལ་སྒྲོག་འགྲེལ་བྱས།
བཅར་འདྲི་དང་རྩོམ་སྒྲིག་རུ་ཁག་གིས་ཞིང་སྡེ་འབྲོག་ཁུལ་དུ་རྟོག་ཞིབ་བྱེད་པར་འགྲོ་བ་རྒྱུན་འཁྱོངས་བྱས།“གནས་གང་དུ་སོང་ན། ཞབས་ཞུ་ས་དེ་རུ་ཐོན་པར་བྱས”། ཆ་སྙོམས་མཚོ་འཕགས་སྨི3000ཅན་གྱི་མཐོ་སྒང་འབྲོག་ཁུལ་དུ། འབྲོག་པ་མང་ཚོགས་ཀྱིས་ཚེ་རབས་ནས་ཚེ་རབས་སུ‘རྩྭ་ཆུར་བརྟེན་ནས་འཚོ་སྡོད’བྱེད་པའི་འཚོ་བའི་རྣམ་པ་སོགས། དྲ་ཚིགས་གསར་འགོད་པས་འབྲོག་པའི་རྗེས་དེད་དེ། གནད་འཁེལ་སྒོས་མང་ཚོགས་ཀྱི་རེ་སྒུག་བྱེད་པའི་འདོད་བློ་བསྡུ་སྒྲིག་བྱས་ཏེ། ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་དཔེ་སྟོན་རྟེན་གཞི་གསར་སྐྲུན་དང་། གཞི་རིམ་བཅོས་སྐྱོང་གི་དཔེ་མཚོན་ཉམས་མྱོང་ཁྱབ་གདལ་དུ་བཏང་། 《ཁ་བསླུས་འགོག་སྲུང་བྱེད་པའི་དྲིལ་སྒྲོག》དང《བདེ་ཐང་མཚོ་སྔོན》སོགས་སྐད་གཉིས་བརྙན་ཐུང་སྤེལ་བ་དང་། བརྩམས་ཆོས་མང་པོའི་རྡེབ་ཚད་ཁྲི་བརྒྱ་ལས་བརྒལ་ཞིང་། དྲ་ཚིགས་ཀྱིས་ད་དུང་དྲ་རྒྱའི་བདེ་འཇགས་དང་གྲངས་འཛིན་སྒྲིག་ཆས་བེད་སྤྱོད་ནུས་རྩལ་ཁྱབ་གདལ་དུ་བཏང་སྟེ། གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་ལ་ནུས་ཤུགས་ཆེན་པོ་བཏོན།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ། འབྲོག་པ་ཞིག་གིས་དྲ་ཚིགས་བརྒྱུད་དེ་རྩྭ་ཕྱུགས་དོ་མཉམ་སྲིད་ཇུས་ཐད་རྒྱུས་ལོན་བྱས་རྗེས་འདི་ལྟར་བཤད།“སྔོན་ཆད་ཕྱུགས་འཚོ་རྒྱུ་ལས་ཅི་ཡང་ཤེས་ཀྱིན་མེད། ད་ལྟར་རྩྭ་ས་སྲུང་སྐྱོབ་བྱེད་པ་ནི་རང་ཉིད་ཀྱི་འཚོ་རྟེན་ལ་སྲུང་སྐྱོང་བྱེད་པ་ཡིན་པའི་ཚོར་སྣང་ཟབ་མོ་སྐྱེས”ཟེར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ། གཞི་རིམ་ལས་བྱེད་པས་དྲ་ཚིགས་ཀྱིས་མཁོ་འདོན་བྱས་པའི་སྐད་གཉིས་ཡིག་ཆ་ཁྱིམ་ཚང་དུ་སྒྲོག་འགྲེལ་བྱས་པ་དང་། མེ་ཐབ་ཀྱི་མཐའ་ནས་བསྐོར་བའམ་སྦྲ་ནག་གི་མཐའ་བསྐོར་ཏེ། སྡེ་སྲོལ་དམངས་ཆིངས་དང་ཟུང་འབྲེལ་སྒོས།‘ཁ་སྐད་ཀྱི་ལམ་ནས’སྲིད་ཇུས་སྒྲོག་འགྲེལ་བྱས”།“རྩམ་དྲི་དང་མར་དྲི་མ་བོར་བའི”ཞབས་ཞུའི་རྣམ་པས། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། དམངས་ཕན་ཞབས་ཞུ་མི་སེམས་སུ་གཤགས་པར་བྱས་ཤིང་། ཞབས་ཞུ་དྲོན་མོ་དེས་མི་རིགས་བར་གྱི་བརྩེ་བར་རྒྱུན་ཐག་སྦྲེལ།
ལོ་ངོ་ཉི་ཤུའི་དཀའ་སྤྱད་འབད་བརྩོན་བརྒྱུད། ཀྲུང་གོ་བོད་ཀྱི་དྲ་བར་ལྟེ་བའི་དགེ་མཚན་ཆེན་པོ་ལྔ་གྲུབ་ཡོད་པ་སྟེ། ཆབ་སྲིད་ཀྱི་ཁྱད་ཆོས་མངོན་པར་དོད་ཅིང་སྐབས་དོན་ཆབ་སྲིད་ལོ་ཙཱ་དང་སྒྲོག་སྤེལ་ཚད་ལྡན་ཡིན་པ། མཉམ་འདྲེས་སྨྱན་སྦྱོར་རིགས་བསྒྱུར་མཐར་ཕྱིན་ཞིང་བརྩམས་ཆོས་སྣ་མང་ཡིན་པ། གཞི་རིམ་གཞོགས་འདེགས་སྟོབས་ཤུགས་ལྡན་ལ་ལས་བྱེད་པའི་འབྲལ་མེད་ཀྱི“རིག་མཛོད”ཏུ་གྱུར་བ། ནང་དོན་མ་ལག་འཐུས་ཚང་བ་དང་གཞི་གཅིག་ཅན་གྱི་གྲངས་འཛིན་གསོག་ཉར་ཆེད་ལས་ཅན་དྲག་པ། ཞབས་ཞུ་དམངས་ཀྱི་འདོད་བློ་དང་མཐུན་ཞིང་དྲིལ་སྒྲོག་སྤུས་ཚད་མུ་མཐུད་ནས་མཐོར་འདེགས་བྱུང་བ་བཅས་ཡིན།
ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བར་གཞི་བཙུགས་ཏེ། མི་རིགས་སྨྱན་སྦྱོར་འདིས་མུ་མཐུད་ནས“དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་སྤེལ་བ། སྣང་བརྙན་མངོན་པ”བཅས་ཀྱི་ལས་འགན་ལག་བསྟར་བྱས་ནས། སྐབས་དོན་ཆབ་སྲིད་སྒྱུར་སྤེལ་གནད་ལ་འཁེལ་བ་དང་། གཞུང་ལུགས་སྒྲོག་འགྲེལ་གཏིང་ཟབ་ཏུ་བྱེད་པ། སྨྱན་སྦྱོར་གསར་སྐྲུན་ཇེ་ལེགས་སུ་གཏོང་བ། སྐྱེ་ཁམས་ཚན་རིག་ཁྱབ་གདལ་ལེགས་པོར་སྒྲུབ་པ། ཕྱི་ཕྱོགས་ལས་དོན་ཞིབ་བརྗོད་ལ་ཤུགས་སྣོན་བྱེད་པ། དམངས་ཕན་ཞབས་ཞུ་ཞིབ་ཕྲ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། ཁྱབ་སྒྲོག་ནུས་ཤུགས་དང་ཁྲིད་སྟོན་ནུས་ཤུགས། ཤན་ཤུགས། སྤྱི་པའི་ཡིད་རྟོན་བྱེད་ཤུགས་བཅས་སྔར་ལས་དྲག་པོར་བརྟེན་ནས། བོད་འབྲེལ་ས་ཁུལ་གྱི་ཡུན་རིང་གཏན་འཇགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྨྱན་སྦྱོར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད། །