ཟླ6པའི་ཚེས26ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་འཕྲིན་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་ལོ20སོང་རིང་། ན་གོར་མོ་གྲོང་ཁྱེར་གྱིས་ལྕགས་ལམ་གྱི་ལྟེ་བའི་ཁུལ་དང་འགྲུལ་སྐྱེལ་ལམ་བུའི་ལེགས་ཆར་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས“ས་མཚམས་སྒྲོལ་བའི་ལྟ་སྐོར”ནས་“ས་ཁོངས་ཧྲིལ་པོའི་ཡུལ་སྐོར”དང་“ལས་རྣམ་རྐྱང་པ”ནས“སྣ་མང་འཕེལ་རྒྱས”བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ལ་སྐུལ་འདེད་བཏང་ཡོད། བསྡོམས་རྩིས་བྱས་པར་ལྟར་ན། 2020ལོ་ནས2025ལོ་བར་ན་གོར་མོ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི2900ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར164.1ཟིན་ནས་རིག་གནས་ཡུལ་སྐོར་དཔལ་འབྱོར་དེ་གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
“མཁའ་ལམ”གྱི་ཁེ་སྤོགས་ལ་གཞི་ཚུགས་ནས་ན་གོར་མོས་རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་རྒྱུན་མཐུད་བྱས་ཏེ“ཟས། སྡོད། འགྲོ་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”བཅས་ཀྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་ཐོན་ལས་མ་ལག་བསྐྲུན་ཡོད། མིག་སྔར་གྲོང་ཁྱེར་ཡོངས་སུ་དམག་དཔོན་ཐོག་ཁང་སྤྱི་གླིང་དང་། ཁུ་ནུ་ཡུལ་སྐོར་ཁུལ ། ཚྭ་མཚོའི་མཛེས་ལྗོངས་ཁུལ་བཅསA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ3བསྐྲུན་ཟིན་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང1དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ3ཡོད།
ཐའེ་ཅི་ནེར་ཡེ་རྒྱས་སྤྲོས་གྲོང་རྡལ་ཆུང་ངུ་དང་ཁུ་ནུ་གནས་མཆོག་སོགས་དྲ་ཐོག་གྲགས་ཅན་མི་སྣ་ཁག་ཅིག་སྔ་རྗེས་སུ་སྤྱོད་མགོ་ཚུགས་ནས་སྣ་མང་ཅན་དང་སྤུས་ལེགས་ཅན་གྱི་ཡུལ་སྐོར་འཛད་སྤྱོད་ཀྱི་དགོས་མཁོ་གསར་པ་ནུས་ལྡན་ངང་བསྐངས་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་ཡོངས་ཀྱིས་ཡུལ་སྐོར་བའི་ཉམས་ལེན་ལྟེ་བར་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། སྔ་རྗེས་སུ་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས1དང་ཡུལ་སྐོར་ཞབས་ཞུའི་ལྟེ་གནས3བཅས་ལེ་ལག་ཚང་བའི་ངང་བསྐྲུན་པས་ཡུལ་སྐོར་གསང་སྤྱོད་ཁྱབ་ཚད80%ལྷག་ཙམ་ཟིན་པ་དང་། མཛེས་ལྗོངས་ཁུལ་གྱི་སྣེ་ལེན་ནུས་པ་དང་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་ཕྱིན་ནས་ཡུལ་སྐོར་བ་ཕྱིར་སྐྱོད་སྐབས་སྐྱིད་སྣང་དོད་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
ལོ20ཡི་རིང་། མཚོ་བོད་ལྕགས་ལམ་ལས་འགྲུལ་པ་ཇེ་མང་དུ་ཕྱིན་པ་མ་ཟད། བཟའ་བཏུང་ཞག་སྡོད་དང་། ཚོང་དོན་འཛད་སྤྱོད། རིག་གནས་གསར་གཏོད་ཀྱི་དམིགས་བསལ་ཐོན་རྫས་སོགས་འབྲེལ་ཡོད་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་ནས་གྲོང་ཁྱེར་གྱི་འཛད་སྤྱོད་ཁྲོམ་ར་ནུས་ལྡན་ངང་འཁྲུག་ཏུ་ཕྱིན་པ་དང་། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ཐབས་ལམ་རྒྱ་ཆེར་ཕྱིན་ཡོད། མཛེས་ལྗོངས་ཁུལ་གྱི་རིམ་སྤོར་དང་ལས་རྣམ་གསར་གཏོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་བརྒྱུད “རི་རྒྱལ་ཆུ་མགོ་ན་གོར་མོ་མཐོ་སྒང་གི་འཕྲུལ་སྣང་ཚྭ་མཚེའུ་གྲོང”གི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་ཕྱིན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ན་གོར་མོ་གྲོང་ཁྱེར་གྱིས་མུ་མཐུད་ནས་ལྕགས་ལམ་ལྟེ་བའི་ལེགས་ཆར་བརྟེན་པ་དང་། མཐོ་སྒང་གི་སྐྱེ་ཁམས་དང་ཁུ་ནུ་རིག་གནས་དང་ཚྭ་མཚོའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བ། སྤུས་ལེགས་ཀྱི་ལས་རྣམ་གསར་པ་དང་། ཡུལ་ལྗོངས་གསར་པ། སྤུས་རྟགས་གསར་པ་བཅས་སྐྱེད་སྲིང་བྱེད་པ། རིག་གནས་དང་ཡུལ་སྐོར་ཐོན་ལས“རྒྱུག་ཚད་འཕར་བ”ནས“སྤུས་ཚད་མཐོར་གཏོང”བར་འགྱུར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་མཐོ་སྒང་གི་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།