སི་ཁྲོན་ལ་མཚན་གུང་དུ་ས་ཡོམ་བྱུང་ནས་མི13ལ་རྨས་སྐྱོན་ཕོག་པ།

ཡོང་ཁུངས། ཀྲུང་གོ་གསར་འགྱུར་ཁང་།

ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ6པའི་ཚེས29ཉིན་གྱི་ཆུ་ཚོད00:12སུ་སི་ཁྲོན་དབྱི་པིན་གྲོང་ཁྱེར་ཀའོ་རྫོང་དུ་ས་ཡོམ་རིམ་པ5.5བྱུང་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ6ཟིན་ཞིང་། ས་ཡོམ་ལྟེ་བ་དེ་འཕྲེད་ཐིག་བྱང་མའི་ཏུའུ28.50དང་ཤར་གྱི་གཞུང་ཐིག་ཏུའུ104.69རེད།

ས་ཡོམ་ལྟེ་བ་ཀུང་རྫོང་དང་བར་ཐག་སྤྱི་ལེ7དང་། ཀའོ་རྫོང་དང་སྤྱི་ལེ18 ཁྲང་ཉིང་རྫོང་དང་སྤྱི་ལེ24 དབྱི་པིན་ཞུས་ཀྲོའུ་ཆུས་དང་སྤྱི་ལེ26 ཧྲུའེ་ཕུའུ་གྲོང་ཁྱེར་དང་སྤྱི་ལེ30 དབྱི་པིན་གྲོང་ཁྱེར་དང་སྤྱི་ལེ28  ཁྲུང་ཆིང་གྲོང་ཁྱེར་དང་སྤྱི་ལེ216ཡོད།

དྲ་གྲོགས་ཀྱིས་བཤད་པ་ལྟར་ན། ཁྲེང་ཏུའུ་དང་ཁྲུང་ཆིང་སོགས་སུ་ཡོམ་ཚོར་མངོན་གསལ་དོད་པོ་ཡོད།

གནོད་འཚེ་ཡིས་མི13ལ་རྨས་སྐྱོན་ཕོག་ཅིང་དུས་ཐོག་ཏུ་སྨན་ཁང་དུ་བསྐྱལ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཆུ་ཚོད3:30བར་སི་ཁྲོན་དབྱི་པིན་ཀའོ་རྫོང་གི་ས་ཡོམ་རིམ་པ5.5ཡིས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་མེད་པ་དང་། གནོད་འཚེ་ཡིས་མི13ལ་རྨས་སྐྱོན་ཕྲན་བུ་ཕོག་པ་དུས་ཐོག་ཏུ་སྨན་བཅོས་བྱེད་པར་བསྐྱལ་ཞིང་། མི196ཛ་དྲག་ངང་ཉེན་གཡོལ་གནས་སྤོ་དང་བཀོད་སྒྲིག་བྱས་ཡོད། མིག་སྔར་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

མེ་ཟོན་རོགས་སྐྱོབ་སྟོབས་ཤུགས་ས་ཡོམ་ལྟེ་བ་རུ་བསྐྱོད། གསར་འགོད་པས་སི་ཁྲོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ས་ཡོམ་བྱུང་རྗེས་སི་ཁྲོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་འཕྲལ་སྡོམ་དང་ལེན་བྱེད་མགོ་བཙུགས་ནས་དབྱི་པིན་ཉིང་ལག་རུ་ཁག་ས་ཡོམ་ལྟེ་བ་རུ་ཡོང་ནས་གནོད་འཚེའི་གནས་ཚུལ་ལ་མྱུལ་ཞིབ་བྱས། ཚེས29ཉིན་གྱི་ཆུ་ཚོད1བར་རོགས་སྐྱོབ་སྟོབས་ཤུགས་ཁག་དང་པོ་ས་ཡོམ་ལྟེ་བ་ཧྲ་ཧོ་གྲོང་རྡལ་དུ་འབྱོར་ཞིང་གནས་སྐབས་སུ་ཁང་པ་ལོག་པ་དང་མི་སྣ་ལུས་པའི་གནས་ཚུལ་མེད།

གཞན་ཡང་སི་ཁྲོན་ཞིང་ཆེན་ས་ཡོམ་ཅུས་ཡུལ་དངོས་ལས་དོན་རུ་ཁག་ས་ཡོམ་ཁུལ་དུ་མངགས་ནས་འཕྲལ་སྡོམ་ཐག་གཅོད་ལས་དོན་སྤེལ་རོགས་བྱས།

ཀྲུང་གོ་ས་ཡོམ་ཅུས་རིམ་གསུམ་འཕྲལ་སྡོམ་དང་ལེན་བྱེད་མགོ་ཚུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།