
ཨ་ཆེན་གངས་རྒྱབ་དུ་ཡོད་པའི་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་སྐྱེ་ཁམས་སྲུང་སྐྱོབ་ཚད་ལེན་སོགས་བྱ་བ་གང་མང་སྒྲུབ་སྟེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པར་མ་ཟད། དེ་མིན་ཨ་ཆེན་གངས་རྒྱབ་ཀྱི་བརྟན་སྲུང་སྙིང་སྟོབས་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱས་འདུག ང་ཚོ་བཅར་འདྲིའི་ཚན་ཆུང་ཕྱི་དྲོའི་ཆུ་ཚོད་བཞི་ཡས་མས་སུ་ཨ་ཆེན་གངས་རྒྱབ་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ་འབྱོར་བ་ན། ང་ཚོའི་མཐོང་ལམ་དུ་མངོན་པ་ནི་རི་རྒྱུད་མུ་རུ་འབྲེལ་བའི་བརྗིད་ཆགས་གངས་རི་དང་ཐང་ཆེན་ཐད་མར་བརྡལ་བའི་ཡངས་པའི་རྩྭ་ཐང་། ད་དུང་དེ་ལས་ལྷག་པ་ནི་སོས་དལ་བག་ཕེབས་ངང་འཚོ་བའི་རི་སྐྱེས་སྲོག་ཆགས་དག་རེད། དེ་རུ་གཙོད་དང་རྐྱང་སོགས་ཁྱུ་དང་ཁྱུ་བྱས་ནས་ཡོད་ལ། ས་ཚིགས་ཀྱི་སྲུང་སྐྱོབ་མཁན་ཚོས་གཙོད་ཕྲུག་མང་པོ་གསོས་ནས་ཕན་ཚུན་ཁྱིམ་མི་དང་གྲོགས་པོ་རྙིང་བར་གྱུར་ཡོད། བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་ཚེ་སྲོག་སྐྱབས་ཀྱིས་ང་ཚོར་རྣམ་པ་འདིའི་རྒྱབ་ལོགས་ཀྱི་གཏམ་རྒྱུད་བརྗོད་མགོ་བརྩམས།
བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་ཚེ་སྲོག་སྐྱབས་ཀྱིས་ང་ཚོ་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱིས་ད་བར་དུ་གཙོད་ཕྲུག་བརྒྱད་བརྒྱ་ལྷག་ཙམ་གཉོར་སྐྱོབ་བྱས་ཡོད་ཟེར།

མཚོ་འཕགས་སྨི4479ཡོད་པའི་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་སྲུང་སྐྱོབ་མཁན་ཚོས་དུས་དང་རྣམ་པ་ཀུན་དུ་མཚོ་བོད་ལྕག་ལམ་དང་རྒྱལ་ལམ109ཡི་འགྲམ་རྒྱུད་སྤྱི་ལེ་བརྒྱ་ལྷག་གི་སྐོར་ཞིབ་བྱ་བ་རྒྱུན་འཁྱོངས་དང་། རྨས་ཕོག་པའི་རི་དྭགས་སྐྱོབ་པ། ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་དང་སྐྱེ་ཁམས་བཅོས་སྐྱོང་ཚད་ལེན་སོགས་ཀྱི་བྱ་བ་ནན་ཏན་གྱིས་བསྒྲུབས་ཏེ་ལོ་རེའི་སྐོར་ཞིབ་སྤྱི་ལེ་སུམ་ཁྲི་ལྷག་ལ་སླེབས་བཞིན་ཡོད་ལ། སྐྱེ་ཁམས་སླར་གསོ་དང་སྲོག་ཆགས་མཉམ་གནས་ཀྱི་འཕེལ་ཕྱོགས་ལེགས་པོ་མངོན་ཡོད།

བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་ཚེ་སྲོག་སྐྱབས་ཀྱིས་བཤད་རྒྱུར། སྔོན་ཆད་དང་ད་ལྟ་གཉིས་བསྡུར་བ་ཞིག་བྱས་ན། སྔོན་ཆད་ས་ཆ་འདི་བརྒྱུད་ནས་འགྲོ་སྐབས་རི་དྭགས་མཐོང་རྒྱུ་ཧ་ཅང་ཉུང་། ད་སྐབས་ཡིན་ན། འབྲོང་དང་གཙོད། རྐྱང་སོགས་མང་བོ་མཐོང་ཐུབ། དེ་ལྟ་བུའིུ་ཡིད་དུ་འོང་བའི་རྣམ་པ་ནི། ང་ཚོ་ཨ་ཆེན་གངས་རྒྱབ་ཀྱི་མེས་པོ་དག་དང་རྗེས་རབས་པ་ང་ཚོས་འབད་བརྩོན་བྱས་པའི་གྲུབ་འབྲས་རེད་བསམ་ཡོད།

བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་བཙུགས་ནས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་སྲུང་སྐྱོབ་མཁན་ཚོས་ཐོག་མའི་སེམས་འདུན་ཡིད་ལ་བཟུང་སྟེ། ཁ་ཆར་བུ་ཡུག་རྒོད་པའི་གྲང་ངར་དང་མཐོ་སྒང་དབྱང་རླུང་དཀོན་པའི་ཁོར་ཡུག་སོགས་ཀྱི་དཀའ་སྡུག་གང་མང་ཞིག་ཁྱད་དུ་བསད་ནས། ཨ་ཆེན་གངས་རྒྱབ་ཀྱི་ཁྱིམ་གཞི་ཆེན་མོ་འདི་བརྟན་པོར་སྲུང་ཞིང་། མཚོ་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་དང་རང་བྱུང་སྐྱེ་ཁམས་ལ་དུས་གཏན་གྱི་སྐྱེ་སྟོབས་དང་བཀྲག་མདངས་བསྩལ་ཡོད།