ཉེ་ཆར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་འབྱོར་བའི་གནས་ཚུལ་ལྟར་ན། ད་ལོའི་ཚུན་ལ། ཞིང་ཆེན་ནོར་སྲིད་ཐིང་གིས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ནོར་སྲིད་བྱ་བའི་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། ནོར་སྲིད་སྲིད་ཇུས་སྔར་ལས་ལེགས་པོར་དོན་འཁྱོལ་བྱས་ཏེ། ནོར་སྲིད་ཐོན་ཁུངས་གཅིག་འདོམས་གང་ལེགས་དང་། ནོར་སྲིད་གཏོང་སྒོའི་གྲུབ་ཚུལ་ལེགས་སྒྱུར། ནོར་ཤུགས་གཅིག་སྒྲིལ་གྱིས་དོན་ཆེན་འགངས་ཆེན་ལ་འགན་སྲུང་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས།
སྔོན་རྩིས་གཤམ་སྤྲོད་ཀྱི་མྱུར་ཚད་སྔ་སྣུར་བྱས། མ་དངུལ་སྔ་མོ་ནས་གཤམ་སྤྲོད་དང་སྔ་མོ་ནས་བཀོལ་སྤྱོད། སྔ་མོ་ནས་ཕན་འབྲས་ལོན་པ་བཅས་ལ་སྐུལ་འདེད་བཏང་། ཞིང་ཆེན་གྱིས་གཤམ་ལ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་གཅིག་ཐེར་འབུམ་གསུམ་དུང་ཕྱུར་བདུན་བྱེ་བ་བཞི་སྤོ་སྒྱུར་གཏོང་སྤྲོད་བྱེད་པ་བཀོད་སྒྲིག་བྱས་པ་དེ་ན་ནིང་ལས8.4%འཕར། ཞིང་ཆེན་གྱིས་གཤམ་ལ་རིགས་སྣ་ཚོགས་ཀྱི་སྤོ་སྒྱུར་གཏོང་སྤྲོད་སྔོན་ལ་བྱས་ཚད9.6%འཕར་བ་དེས། ལོ་འགོར་སྔོན་རྩིས་བཀོད་སྒྲིག་བྱས་པའི86.2%ཟིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་གི་ཆེས་མཐོ་ཤོས་ཟིན། དངུལ་བུན་སྤོ་སྒྱུར་གྲོང་ཁྱེར་དང་རྫོང་གི་སྤྱིར་བཏང་བུ་ལོན་བཅད་འབོར20%འཕར། གཞི་རིམ་གྱིས་ནོར་ཤུགས་སྔར་ལས་མང་པོ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྤྱོད་པར་རྒྱབ་སྐྱོར་བྱས།
མ་དངུལ་གཏོང་སྤྲོད་གོམ་འགྲོས་ཇེ་མགྱོགས་སུ་ཕྱིན། ཞིང་ཆེན་ཡོངས་ཀྱི་སྒོར་ས་ཡ་ལྔ་ཡན་གྱི་ལས་གཞིའི་གཏོང་སྒོ་ལ་རྩིས་ཐོའི་དོ་དམ་ལག་ཏུ་བསྟར་བ་དང་། ཟླ་དང་པོ་ནས་ལྔ་པའི་བར་ཞིང་ཆེན་ཡོངས་ཀྱི་སྔོན་རྩིས་ལག་བསྟར་ཚད33%ལ་སླེབས། ནོར་ཤུགས་གཤམ་སྤྲོད་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་གྱིས་གཤམ་ལ་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་བྱས་པ་ན་ནིང་གི་དུས་མཉམ་ལས7.1%འཕར། དུས་ཐོག་ཏུ་གྲོང་ཁྱེར་དང་ཁུལ་ལ་མཛོད་དངུལ་གཏོང་སྤྲོད་བྱས་ཤིང་། གཞི་རིམ་འགན་སྲུང་གསུམ་གྱི་ཚད་མཐའ་ངེས་པ་དོན་གྱིས་བརྟན་པོར་བསྲུངས་ཏེ། གཙོ་གནད་ཁྱབ་ཁོངས་དང་ལས་གཞི་གལ་ཆེན་གྱི་གཏོང་སྒོའི་དགོས་མཁོ་འདང་ངེས་ཡོད་པ་འགན་སྲུང་བྱས།
གཙོ་གནད་གཏོང་སྒོར་འགན་སྲུང་ནུས་ལྡན་བྱས། རིམ་རྩིས་བྱས་ན་མ་དངུལ་སྒོར་ཐེར་འབུམ་བདུན་དུང་ཕྱུར་བརྒྱད་གཤམ་སྤྲོད་བྱས་ནས། དམངས་འཚོའི་དོན་དངོས་རིགས་ཆེན་པོ་བཅུའི་དོན་ཚན་ཞེ་དྲུག་གི་ལས་གྲྭ་བརྟན་བརླིང་ངང་ལག་ཏུ་བསྟར་བ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་གཏོང་སྒོ་ཡིས་གཏོང་སྒོའི་སྤྱི་འབོར་གྱི78.2%ཟིན་ཏེ། ལོ་སྔོན་མ་ལས་བརྒྱ་ཆའི་གྲངས་གནས་གཅིག་ཇེ་མཐོར་ཕྱིན།
གཏོང་སྒོའི་ལྟ་སྡོམ་རྒྱ་སྐྱེད་མང་འཕར་བྱུང་། ཀྲུང་དབྱང་གི་སྤོ་སྒྱུར་གཏོང་སྤྲོད་དོན་ཚན་གྱ་བཞིར་རྒྱུན་རྣམ་ཅན་དུ་ལྟ་སྡོམ་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། མཐོ་རིམ་སློབ་གསོའི་ཕྱོགས་བསྡུས་སྟོབས་ཤུགས་མཐོར་འདེགས་འཆར་གཞི་སོགས་ཆེད་དོན་ཞེ་དགུ་དང་། ལོ་ན་མཐོ་བའི་ཁ་གསབ་སོགས་ཆེད་དོན་བརྒྱ་དང་བརྒྱད་སོ་སོར་ཞིང་ཆེན་རིམ་པ་དང་གྲོང་ཁྱེར་དང་རྫོང་གི་སྤོ་སྒྱུར་གཏོང་སྤྲོད་ཀྱི་གཙོ་གནད་ལྟ་སྐུལ་ལས་གཞིའི་ནང་ཚུད་ཡོད།
ནོར་སྲིད་སྲིད་ཇུས་ཤུགས་སྒྲིལ་ཕན་སྐྱེད་བྱུང་། ས་གནས་སྲིད་གཞུང་གི་བུན་འཛིན་གསར་དུ་འཕར་བ་འགྲེམ་སྤེལ་བེད་སྤྱོད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་ཕྱིན་པ་དང་། སྤྱིར་བཏང་གི་བུན་འཛིན་གསར་དུ་འཕར་བ་སྒོར་ཐེར་འབུམ་ལྔ་དུང་ཕྱུར་དྲུག་འགྲེམ་སྤེལ་བྱས་ཤིང་། ལས་གཞི་འཛུགས་སྐྲུན་ཉིས་བརྒྱ་བཅུ་གསུམ་ལ་རྒྱབ་སྐྱོར་བྱས་ནས། མ་དངུལ་གཞི་ཁྱོན་དང་ལས་གཞིའི་གྲངས་འབོར་སོ་སོར་ན་ནིང་གི་དུས་མཉམ་ལས80.6%དང104.8% འཕར། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེ་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་བཞི་བྱེ་བ་བརྒྱད་ས་ཡ་བཞི་གཤམ་སྤྲོད་བྱས་ཤིང་། ཟླ་དང་པོ་ནས་ལྔ་པའི་འབར། རིམ་རྩིས་བྱས་ན་ཁྱིམ་སྤྱོད་གློག་ཆས་དང་རླངས་འཁོར་སོགས་ཀྱི་ཚོང་རྫས་འཛད་སྤྱོད་སྒོར་ཐེར་འབུམ་གཉིས་དུང་ཕྱུར་ལྔ་ས་ཡ་གསུམ་སྐུལ་སློང་བྱས། ནོར་སྲིད་དངུལ་རྩའི་མཐུན་སྦྱོར་མཉམ་འགུལ་རྒྱུན་མཐུད་ཆེ་རུ་བཏང་། ས་གནས་ཀྱི་དངུལ་ཁང་འབྲིང་ཆུང་དེ་སྐྱི་དངུལ་སྐྱེད་གསབ་སྲིད་ཇུས་འགའ་རེ་སྒྲུབ་གཉེར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་བཞག་སྟེ། ཀྲུང་དབྱང་དང་ཞིང་ཆེན་གྱི་སྐྱེད་གསབ་སྲིད་ཇུས་གཉིས་ལྡན་འཚོལ་ཞིབ་བྱས་ཤིང་། ཚན་རྩལ་གསར་གཏོད་ཀྱི་སྐྱི་དངུལ་སྐྱེད་གསབ་སྔོན་སྒྲུབ་ཆ་རྐྱེན་མེད་པར་བཟོས་ཏེ། སྲིད་ཇུས་ཁེ་སྤོགས་མྱུར་དུ་གློད་པར་རོགས་སྐུལ་བྱས་ནས། ལས་གཉེར་བྱེད་པོའི་ཐོབ་སྣང་མུ་མཐུད་དུ་ཆེ་རུ་བཏང་།