ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས་ཀྱི་ཁེ་སྤོགས་ན་ནིང་གི་དུས་མཉམ་ལས18.8%འཕར་ལ། ཟླ་དང་པོ་ནས་བཞི་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་གནས0.6ཇེ་མགྱོགས་སུ་སོང་ཡོད།
རིགས་བགར་ནས་བལྟས་ན། བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་ཁེ་སྤོགས་ན་ནིང་གི་དུས་མཉམ་ལས20%འཕར་ཡོད། དེའི་ནང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་ན་ནིང་གི་དུས་མཉམ་ལས44.7%འཕར་ནས་རྒྱུན་མཐུད་ངང་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད། ལས་རིགས་ཀྱི་ཆ་ནས་བལྟས་ན། གོ་ལ་ཧྲིལ་པོའི་མཐོ་རིམ་རྩིས་གཞིའི་ཉིང་ལྷེབ་དང་གསོག་འཇོག་ཉིང་ལྷེབ་ཀྱི་དགོས་མཁོ་གློ་བུར་དུ་ཇེ་མཐོར་སོང་ནས། གློག་རྡུལ་ལས་རིགས་ཀྱི་ཁེ་སྤོགས་ན་ནིང་གི་དུས་མཉམ་ལས103.9%འཕར་བར་སྐུལ་འདེད་བཏང་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཡོངས་ཀྱི་ཁེ་སྤོགས་འཕར་བར་ནུས་པ་བཏོན་ཚད43.1%ཟིན་པ་རེད། གཞན་ཡང་ནུས་རྒྱུ་གསར་པ་དང་མིས་བཟོས་རིག་ནུས་སོགས་གསར་དར་ཐོན་ལས་ཀྱི་དགོས་མཁོས་སྐུལ་ཁྲིད་བྱས་ཏེ། ཟངས་དང་ཧ་ཡང་སོགས་མ་བཅོས་རྒྱུ་ཆའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་ཀྱང་མངོན་གསལ་གྱིས་འཕར།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཐོན་ལས་དང་ལག་རྩལ་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་བཟོ་ལས་ཁང་གི་ཀྲུའུ་རེན་ཞུས་ཅན་ཝུའེ་ཡིས་བཤད་རྒྱུར། ལག་རྩལ་མཐོ་བའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཁག་ཅིག་གི་ཁེ་སྤོགས་ཇེ་མཐོར་འགྲོ་ཚད་ཅུང་མགྱོགས་ལ། ལས་རིགས་དེ་དག་གིས་རང་བརྟེན་འགག་གནད་སྒྲོལ་ཚད་དང་ཐོན་རྫས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བ། ཁེ་སྤོགས་ལེགས་བཅོས་ལ་འདེགས་སྐྱོར་བྱས་ནས། གསར་དར་ཐོན་ལས་ཀྱི་ཁེ་སྤོགས་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་པ་དང་འཛད་སྤྱོད་པས་དགའ་བསུ་ཐོབ་པའི་ཐོན་རྫས་གསར་པ་དག་ཁེ་སྤོགས་ཇེ་མཐོར་གཏོང་བའི་འཕར་གཞི་གསར་པར་གྱུར་ཡོད།