ཟླ6པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་སློབ་གསོ་ལེ་བར་ཁྲི་ལ་སྐྱོད་པ་སྐབས་ཉེར་དྲུག་པ་དང་། 2026ལོའི་བདེ་ཐང་ཚན་རིག་ཁྱབ་གདལ་འགྲེལ་བརྗོད་འགྲན་བསྡུར་ཆེན་མོ་དེ་མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་ནས་འགོ་བརྩམས། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གི་ལས་ཁུངས32ཀྱིས་འགྲན་ཞུགས་པ་གདམ་མངགས་བྱས་ནས་མཉམ་དུ་རྩལ་འགྲན་བྱས་ཤིང་། ཆེད་ལས་ཟབ་ཚད་དང་དམངས་འཚོའི་དྲོད་ཁོལ་གཉིས་ལྡན་གྱི་ལམ་ནས་བདེ་ཐང་ཚན་རིག་ཁྱབ་གདལ་གྱི་རྒྱས་སྟོན་ཞིག་མཉམ་དུ་སྤེལ་འགོ་བརྩམས།
བྱེད་སྒོ་སྤེལ་ཐེངས་འདི་ལས་དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་དྲིལ་སྒྲོག་ཟླ་བ་གོ་སྐབས་སུ་བཟུང་བ་དང་། བདེ་ཐང་མཚོ་སྔོན། ཚན་རིག་ཁྱབ་གདལ་མཉམ་སྐྱོད་ཅེས་པ་བརྗོད་དོན་དུ་བྱས་ཏེ། འཚོ་བ་བདེ་ཐང་གིས་རོལ་བ་དང་འགོས་ནད་འགོག་སྡོམ། སེམས་ཁམས་བདེ་ཐང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རིག་གནས། སྤྱི་པའི་འཕྲོད་བསྟེན་སོགས་མང་ཚོགས་ཀྱི་དོ་ཁུར་ལ་གཞིགས་ནས། མང་ཚོགས་ཀྱིས་གོ་ཐུབ་པ་དང་སློབ་ཐུབ་པ། བཀོལ་ཐུབ་པ་བཅས་ཀྱི་སྐད་ཆའི་ལམ་ནས་བདེ་ཐང་གི་རྒྱུན་ཤེས་ཁྱབ་གདལ་བཏང་། ཆེད་ལས་གསོ་རིག་ཤེས་བྱ་དེ་གོ་བདེ་ཅན་དང་འཚོ་བ་ཅན། ཡུལ་རྣམ་ཅན་བཅས་སུ་བསྒྱུར་ཏེ། ཁྱིམ་ཚང་ཁྲི་མ་འབུམ་ལ་བསྐྱོད། བྱེད་སྒོ་ལས་འགྲན་བསྡུར་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་ནུས་པ་སྩོལ་བ་རྒྱུན་འཁྱོངས་བྱས་ཤིང་། ཆེད་ལས་ཀྱི་བསམ་བློ་བརྗེ་རེས་ཀྱི་རྩལ་འགྲན་སྟེགས་བུ་བསྐྲུན་ཏེ། ཚན་རིག་ཁྱབ་གདལ་གྱི་ཕུལ་བྱུང་འཇོན་མི་འདེམས་བསྐོ་བྱས་ནས། ཚན་རིག་ཁྱབ་གདལ་གྱི་ལས་ཀའི་ཕན་འབྲས་མངོན་པ་དང་བདེ་ཐང་ཚན་རིག་ཁྱབ་གདལ་གྱི་སྒུལ་ནུས་སྐུལ་སློང་བྱས།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་གྱི་སྤྱིའི་དམིགས་འབེན་གཏན་འཁེལ་ལྟར། བདེ་ཐང་སློབ་གསོ་ལེ་བར་ཁྲི་ལ་སྐྱོད་ཅེས་པའི་ཁྱད་ལྡན་སྤུས་རྟགས་ཇེ་རྒྱས་ཇེ་ལེགས་སུ་བཏང་ཞིང་། དམངས་ཡོངས་ཀྱི་བདེ་ཐང་གི་ཚན་རིག་ཁྱབ་གདལ་ལས་ཀ་ཧུར་ཐག་གིས་བསྒྲུབས། བདེ་ཐང་སློབ་གསོའི་སྡེ་ཁག་འཐུས་ཚང་དུ་བཏང་བ་བརྒྱུད། ཚན་རིག་ཁྱབ་གདལ་གྱི་འཇོན་མིའི་དཔུང་སྡེ་སྟོབས་ཆེར་བཏང་བ་དང་། བདེ་ཐང་ཚན་རིག་ཁྱབ་གདལ་གྱི་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་བཏང་བ། བདེ་ཐང་ཤེས་བྱ་ཁྱབ་གདལ་སྐུལ་འདེད་བཏང་བ། བདེ་ཐང་སློབ་གསོའི་སྐྱོད་པ་བདུན་གྱི་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་ནས། མང་ཚོགས་ལ་བདེ་ཐང་འཚོ་བའི་གོམས་སྲོལ་ཆགས་པར་ཁྲིད་སྟོན་གང་ལེགས་བྱས་ཤིང་། རང་འགུལ་གྱིས་བདེ་ཐང་བསམ་པའི་འདུ་ཤེས་ཆགས་པར་བྱས་ལ། མི་རེ་རེས་བདེ་ཐང་གླེང་བ་དང་། མི་རེ་རེས་བདེ་ཐང་ལོངས་སུ་སྤྱོད་པའི་ཁོར་ཡུག་ལེགས་པོ་བསྐྲུན་ཞིང་། ཞིང་ཆེན་ཡོངས་ཀྱི་སྡོད་དམངས་ཀྱི་བདེ་ཐང་བྱང་ཚད་བརྟན་བརླིང་ངང་མཐོར་འདེགས་སུ་ཕྱིན།
ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་བྱེད་སྒོ་ཐེངས་འདི་འགོ་རྩོམ་ས་གསར་པར་བཟུང་སྟེ། བདེ་ཐང་སློབ་གསོ་དང་བདེ་ཐང་ཚན་རིག་ཁྱབ་གདལ་དེ་ནད་རིགས་འགོག་སྡོམ་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། ཚེ་སྲོག་གི་དུས་རིམ་ཧྲིལ་བོའི་བདེ་ཐང་དོ་དམ་གྱི་བརྒྱུད་རིམ་སོ་སོར་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ནས། དྲ་ལམ་དང་ཡུལ་དངོས་སུ་གཞི་གཅིག་ཅན་དུ་སྒྲོག་སྤེལ་གྱི་རྣམ་པ་མུ་མཐུད་དུ་གསར་གཏོད་བྱས་ཤིང་། སྨན་བཅོས་མི་སྣའི་དཔུང་སྡེ་རྩ་འཛུགས་སྒོས་གཞི་རིམ་ལ་ཟབ་ཞུགས་བྱས་ཏེ་བདེ་ཐང་སྐྱེལ་བ་དང་འོས་འགན་སྨན་བཅོས་བྱེད་པ། ཚན་རིག་ཁྱབ་གདལ་གཏོང་བ་བཅས་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་སྤུས་ལེགས་དང་གོ་བདེ་བེད་ཆོད་ཀྱི་བདེ་ཐང་དྲིལ་སྒྲོག་སློབ་གསོ་འདོན་སྤྲོད་བྱས།