ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་དང་ལྔ་འཁོར་ལ་ཉེ་བའི་སྐབས་ཏེ། ཟླ6པའི་ཚེས26ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཏང་ཡོན་གྱི་འཐུས་མིར་འཚམས་འདྲི་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ཏང་གི་བྱ་བ་སྒྲུབ་མཁན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།
ཝུའུ་ཞའོ་ཅུན་ལོ་གོ་དྲུག་ལ་སོན་ཡོད་པའི་ཏང་ཡོན་རྒན་པ། མེ་འགོག་ཁྲའོ་རོགས་ཀྱི་འཐབ་མོ་བ་རྒན་པ། ལས་བྱེད་རྒན་པ་ལིའུ་ཁྲེང་ཏི་ཡི་ཁྱིམ་དུ་སོང་ནས་ཁོ་དང་ཡུན་རིང་ཁ་བརྡ་བྱས་ཤིང་། སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་དྲན་བྱས་པར་མ་ཟད། ཁོས་གསར་བརྗེའི་ལས་དོན་དང་མཚོ་སྔོན་འཛུགས་སྐྲུན་ཐད་འབུར་དུ་ཐོན་པའི་བྱས་རྗེས་བཞག་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རྒན་རབས་གུང་ཁྲན་ཏང་མིའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཕུལ་དུ་བྱུང་བའི་སྤྱོད་ཚུལ་རྒྱུན་འཛིན་བྱས་ཏེ་འཐབ་ལམ་གསར་པའི་སྟེང་ངར་སེམས་ཆེ་བསྐྱེད་དང་རྒྱུན་མཐུད་འབད་འཐབ་བྱེད་དགོས། ཁ་འབྲལ་སྐབས། ཝུའུ་ཞའོ་ཅུན་གྱིས་སྡེ་ཁུལ་གྱི་ལས་བྱེད་མི་སྣ་རྣམས་ལ་ཉིན་རྒྱུན་གྱི་ལྟ་སྐྱོང་དང་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་ནས་རྒན་པས་ཚེ་མཇུག་སྐྱིད་པོ་རོལ་བར་འགན་སྲུང་བྱེད་དགོས་པའི་ཐད་ནས་ཆེད་དུ་མངགས་བཅོལ་བྱས།
ཝུའུ་ཞའོ་ཅུན་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དུ་སོང་ནས། 2020ལོའི་རྒྱལ་ཡོངས་ཕུལ་བྱུང་གུང་ཁྲན་ཏང་ཡོན། ནད་ལྕི་མོའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཐུང་ཧྲི་ཅུན་ལ་འཚམས་འདྲི་བྱས་པ་དང་། ནད་ཐོག་སྨན་བཅོས་ཀྱི་ལས་ཡུལ་དང་པོ་བརྟན་སྲུང་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་བྱེད་ནུས་འདོན་སྤེལ་བཟང་བོ་བྱས་པའི་ཁག་ཁུར་གལ་ཆེན་ལ་ཁས་ལེན་གང་ལེགས་བྱས། ཁོས་ཚན་ཁག་གི་སྨན་ཞབས་མི་སྣ་ཡོངས་ཀྱིས་མཐོ་སྒང་གི་སྨན་བཅོས་གཏིང་ཟབ་ཏུ་སྤེལ་བ་དང་མཚོ་སྔོན་དུ་གཞི་ཚུགས་ནས་བྱས་རྗེས་འཇོག་པ། སློབ་གྲྭ་དང་སྨན་ཁང་གི་གསོ་རིག་ཐད་ཀྱི་ཚན་རིག་ཞིབ་འཇུག་ཐོན་ཁུངས་ལ་བརྟེན་ནས་བརྟག་བཅོས་ལག་རྩལ་རྒྱུན་མཐུད་ངང་ཇེ་བཟང་དུ་གཏོང་བ། ཕུལ་བྱུང་སྨན་བཅོས་རྐང་འཛིན་པ་གསོ་སྐྱོང་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོབ་བཅས་བྱས་ཏེ་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། བདེ་ཐང་ཀྲུང་གོའི་འཐབ་ཇུས་དོན་འཁྱོལ་ལ་རོགས་འདེགས་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་སྐུལ་ལྕག་བྱས།
ཝུའུ་ཞའོ་ཅུན་ཏང་ཡོན་རྒན་པ་པདྨའི་ཁྱིམ་དུ་སོང་ནས་བརྩེ་བས་འཚམས་འདྲི་བྱས། ཁོས་པདྨའི་ལུས་ཕུང་གི་གནས་ཚུལ་དང་ཉིན་རྒྱུན་གྱི་འཚོ་བའི་གནས་ཚུལ་ཞིབ་ཏུ་དྲིས་པ་དང་། ཁོ་མོས་སེམས་འགུལ་ཐེབས་པའི་བཤད་པའི་ལྐོག་རྔོན་ལ་ངོ་རྒོལ་བྱེད་པའི་སྐོར་སྲུང་རུ་ཁག“འབྲོང་རྒོད་རུ་ཁག”གི་མི་སེམས་འགུལ་བའི་རི་སྲུང་གཏམ་རྒྱུད་ལ་ཞིབ་ཏུ་ཉན། ཝུའུ་ཞའོ་ཅུན་གྱིས་མི་རབས་ནས་མི་རབས་ཀྱི་མཐོ་སྒང་གི་ཁོར་སྲུང་དམག་མི་རྣམས་ཀྱིས་ལང་ཚོ་དང་ཚེ་སྲོག་ལ་བརྟེན་ནས་མཐོ་སྒང་གི་ས་གཞི་ཆེན་མོར་སྲུང་སྐྱོང་བྱས་ཏེ་ཨ་ཆེན་གངས་རྒྱབ་དང་བཅས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་བཟང་དུ་བཏང་བ་དང་། གཙོད་ཀྱི་གྲངས་འབོར་ཁྲི་གཉིས་ཙམ་ནས་ཁྲི་བདུན་ལྷག་ལ་སླར་གསོ་བྱུང་སྟེ་མཐོ་སྒང་གི་བྱ་དངོས་ཐམས་ཅད་ལ་སྐྱེ་སྟོབས་རྒྱས་པར་བྱས། པདྨས་སྟོབས་ཤུགས་ཡོད་རྒུས་ཁྱིམ་མི་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱས་ནས་རླབས་ཆེན་གྱི་ལས་དོན་འདིའི་ཐད་ནུས་ཤུགས་གང་ལེགས་ཕུལ་བར་བཀའ་དྲིན་ཆེ་ཞུས་པ་ཡིན་ཞེས་བསྟན།
ཞིང་ཆེན་འགོ་ཁྲིད་ཝང་ཝེ་ཏུང་དང་ཀྲུའུ་ཞང་ཧྥེང་འབྲེལ་ཡོད་འཚམས་འདྲིའི་ཁྲོད་ཞུགས།