ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་ཁོངས་ཡོངས་སུ་གད་སྙིགས་མེད་པར་དོ་དམ་བྱེད་པའི་ཁྲིམས་འཛུགས་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས22ཉིན་ནས་ཚེས24ཉིན་བར། ཞིང་ཆེན་དམངས་ཆེན་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་རྩ་འཛུགས་བྱས་ཏེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ《མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དོ་དམ་སྲོལ་ཡིག》གི་ཁྲིམས་འཛུགས་རྟོག་ཞིབ་བྱེད་པར་བསྐྱོད་པ་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།

རྟོག་ཞིབ་ཚན་ཆུང་སྔ་རྗེས་སུ་རྨ་ཆེན་རྫོང་དང་དར་ལག་རྫོང་དུ་བསྐྱོད་དེ་སྙན་ཞུ་ལ་ཉན་པ་དང་ཡུལ་དངོས་སུ་ལྟ་ཞིབ་བྱེད་པ། ཁེ་ལས་ཀྱི་འགན་འཁུར་བ་དང་དངོས་སུ་ཐུགས་ནས་བརྗེ་རེས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། མགོ་ལོག་ཁུལ་གྱི་འཚོ་བའི་གད་སྙིགས་དང་འཛུགས་སྐྲུན་གྱི་གད་སྙིགས། ཟས་རིགས་ཀྱི་གད་སྙིགས་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན། དོ་དམ་སྐྱེལ་འདྲེན་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་སོགས་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། མགོ་ལོག་ཁུལ་གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བའི་ས་ཁུལ་དང་། ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུ་ཁུངས་གསོ་གསོག་གནས་གལ་ཆེན་ཡིན་པའི་ཆ་ནས།  “ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་བསྐྲུན་པའི”ལག་ལེན་ཁྲོད་སྤྱོད་གོ་ཆོད་པའི་ཉམས་མྱོང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དུ་རིམ་སྤོར་བྱས་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས“སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི”གྲུབ་འབྲས་སྲ་བརྟན་དུ་བཏང་བ་དེ་ལས“རྒྱལ་དོན་གྱི་ཆེ་ཕྱོགས”ལག་ལེན་བསྟར་བ་དང་། རི་སྔོ་ཆུ་དྭངས་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་གི་འགན་འཁྲི་གང་ལེགས་ཀྱིས་མཚོན་ཡོད། ཁྲིམས་ལྟར་ཁྲིམས་འཛུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》དང་འབྲེལ་ཡོད་གོང་གནས་ཁྲིམས་གཞན་དག་དང་བསྡུར་བ་ནན་མོ་བྱས་ནས། སྲོལ་ཡིག་གི་དོན་ཚན་རེ་རེ་བཞིན་གསེད་བཀྲོལ་བྱས་ཏེ་ས་གནས་ཀྱི་ཁྲིམས་འཛུགས་དབང་ཚད་ལས་མི་བརྒལ་བ་དང་། གོང་གནས་ཁྲིམས་ཀྱི་ཚད་གཞི་ལས་མི་བརྒལ་བར་ཁག་ཐེག་བྱས་ནས་ཁྲིམས་མཐུན་རང་བཞིན་དང་ལུགས་མཐུན་རང་བཞིན། ལག་བསྟར་རང་བཞིན་ཐད་བླང་བྱ་དང་མཐུན་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམིགས་འབེན་འབུར་དུ་དོད་ནས། མ་དངུལ་འགན་སྲུང་དང་རྒྱུན་རྣམ་ཅན་གྱི་ཁོར་ཡུག་བཅོས་སྐྱོང་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། མེར་བསྲེགས་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། གད་སྙིགས་རིགས་དབྱེ་བསྡུ་རུབ་དང་བརྒྱུད་འདྲེན་གཙང་བཅོས་ཀྱི་ཕྱོགས་བསྡུས་ནུས་པ་གཙོ་གནད་དུ་བཟུང་ནས་ཆེ་རུ་གཏོང་བ། གད་སྙིགས་ཉུང་འཕྲི་ཚད་འབེབས་དང་གནོད་མེད་ཅན། ཐོན་ཁུངས་ཅན་བཅས་སུ་འགྱུར་བའི་གཙང་བཅོས་ཆུ་ཚད་མཐོ་རུ་གཏོང་དགོས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་དངོས་གནས་ཇེ་ལེགས་སུ་གཏོང་བ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་འབྱུང་རྩ་ནས་གྲངས་འབོར་ཇེ་ཉུང་དུ་གཏོང་བ་དང་རིགས་དབྱེ་གཏོང་སྤྲོད། ཐོན་ཁུངས་འཁོར་སྐྱོད། ལྟ་སྐུལ་ནང་ཞུགས་པ་བཅས་ཀྱི་རང་འགུལ་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས། དམངས་ཡོངས་ཞུགས་པ་དང་སྤྱི་ཚོགས་ཀྱིས་མཉམ་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།