ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་རྒྱས་འཛོམས་སློབ་སྦྱོང་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས26ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་རྒྱས་འཛོམས་སློབ་སྦྱོང་ཚོགས་འདུ་བསྡུས་པ་དང་། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། མཚོ་བོད་ཚན་ཞིབ་རུ་ཁག་ཐེངས་གཉིས་པའི་རུ་དཔོན་ཡའོ་ཐན་ཏུང་དང་། མཚོ་བོད་ཚན་ཞིབ་རུ་ཁག་ཐེངས་གཉིས་པའི་རྩྭ་སའི་སྐྱེ་ཁམས་མ་ལག་དང་སྐྱེ་ཁམས་ཕྱུགས་ལས་ཡན་ལག་རུ་ཁག་གི་རུ་གཙོ་ཀྲའོ་ཞིན་ཆོན་གདན་འདྲེན་ཞུས་ཏེ། མདོ་དབུས་མཐོ་སྒང་གི་ཚན་ཞིབ་ཐེངས་གཉིས་པར་དམིགས་ནས་ཆེད་དོན་ཟུར་ཁྲིད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན་གྲོས་ཚོགས་སུ་ཞུགས། ཡའོ་ཐན་ཏུང་གིས་མཚོ་བོད་ཚན་ཞིབ་ཐེངས་གཉིས་པའི་འཕེལ་རིམ་གལ་ཆེན་དང་། ལྟེ་བའི་གྲུབ་འབྲས་དང་དུས་མཚམས་གསར་པའི་དམིགས་འབེན་ལས་འགན་བརྒྱུད་རིམ་ལྡན་པའི་ངང་ངོ་སྤྲོད་བྱས་པ་དང་། མདོ་དབུས་མཐོ་སྒང་གི་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་དང་འཕྲད་པའི་དངོས་ཡོད་ཉེན་ཁ་དང་འགྲན་སློང་ལ་འགྲེལ་བཤད་གཏིང་ཟབ་བྱས་པ་མ་ཟད་ཚན་རིག་དང་མཐུན་པའི་བཅོས་སྐྱོང་ཇུས་གཞི་བརྒྱུད་རིམ་ལྡན་པའི་ངང་བཏོན། ཀྲའོ་ཞིན་ཆོན་གྱིས་རྩྭ་སའི་སྐྱེ་ཁམས་ཆེད་དོན་ལ་དམིགས་ནས། རྩྭ་ཐང་ཞན་འགྱུར་བཅོས་སྐྱོང་དང་རྩྭ་ཕྱུགས་དོ་སྙོམས་དང་དོ་དམ་ཚོད་འཛིན། རྩྭ་ཐང་གི་ཐཱན་འདུས་སྐྱེད་སྲིང་སོགས་ཀྱི་ཞིབ་འཇུག་གྲུབ་འབྲས་འགྲེལ་བཤད་གཏིང་ཟབ་བྱས། ཚོགས་ཞུགས་བློ་མཐུན་ཚོས་ཟུར་ཁྲིད་སྙན་ཞུ་གཉིས་ཀྱི་ལངས་གནས་མཐོ་བ་དང་ཆེད་ལས་གཏིང་ཟབ་ལ། ཞིང་ཆེན་གྱི་གནས་ཚུལ་དང་དམ་པོར་བསྟུན་ནས་གཞུང་ལུགས་ཀྱི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཧ་ཅང་ཆེན་པོ་ལྡན་པས། ཚང་མར་གསོན་ཉམས་ལྡན་ལ་ངོ་མཚར་ཆེ་བའི་སྐྱེ་ཁམས་སློབ་ཚན་ཆེན་པོ་ཞིག་འཁྲིད་ཡོད་པར་མཐའ་གཅིག་ཏུ་ངོས་འཛིན་བྱས། ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱེད་སྐབས་བསྟན་དོན། མཚོ་བོད་ཚན་ཞིབ་ཐེངས་གཉིས་པ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་བཟོ་སྐྲུན་གལ་ཆེན་ཞིག་རེད། མཚོ་སྔོན་ནི་ཚན་ཞིབ་ཀྱི་གཙོ་གནད་ས་ཁོངས་ཤིག་ཡིན་པའི་ངོས་ནས། འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད་པས་ངེས་པར་དུ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ཏེ། མདོ་དབུས་མཐོ་སྒང་གི་དམིགས་བསལ་གྱི་སྐྱེ་ཁམས་གནས་བབ་དང་དྲོད་རླངས་ཅན་གྱི་འཕེལ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས། ཡུལ་བབ་དང་བསྟུན་པ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པའི་བྱ་བར་སྔར་ལས་ཤེས་རྟོགས་ཐུབ་པ་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མཚོ་བོད་ཚན་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་སློབ་སྦྱོང་དང་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ། ཚན་རྩལ་རྒྱུགས་ལེན་གྱི་གཞི་གྲངས་གསར་བ་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ལ་དུས་ཐོག་ཏུ་རྗེས་འདེད་པ་དང་ལེགས་སྒྲིག རྩིས་སྤྲོད་བཅས་བྱས་ནས། བབ་མཚུངས་ཁྱབ་ཁོངས་ཀྱི་ཚན་ཞིབ་སྙན་ཞུར་ཞིབ་འཇུག་གཏིང་ཟབ་དང་ཁོང་དུ་ཆུད་པར་བསྡུ་ལེན་བྱས་ཏེ། ལས་རིགས་ཁག་གི་འགག་གནད་དང་དཀའ་གནད་ཆེ་བའི་གནད་དོན་ལ་དམིགས་ནས་རྒྱུན་བསྲིང་རང་བཞིན་གྱི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཚན་ཞིབ་ཤེས་བྱ་ཁྱབ་གདལ་བཏང་ནས་ཚན་ཞིབ་གྲུབ་འབྲས་ཀྱི་ཕྱོགས་བསྡུས་རིན་ཐང་གང་ལེགས་འདོན་དགོས། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཚུལ་སྒྱུར་དོན་ཐོག་ཏུ་འཁྱོལ་བ་དང་། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པར་ཞབས་འདེགས་ཞུ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མཁོ་སྤྲོད་ཀྱི་སྣེ་གཉིས་སྦྲེལ་མཐུད་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། རང་ས་གནས་ཀྱི་ཚན་ཞིབ་ལས་སྟེགས་དང་ཚན་ཞིབ་ཡན་ལག་རུ་ཁག་ཁག་བར་གྱི་འབྲེལ་གཏུག་མཉམ་ལས་ལ་ཤུགས་བསྣན་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱ་ཆེད་རོགས་རམ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཀྱིས“ཀྲུང་ཧྭའི་ཆུ་མཛོད”ཀྱི་མ་ལག་རང་བཞིན་གྱི་སྲུང་སྐྱོབ་ལ་འདེགས་སྐྱོར་དང་། གནོད་འགོག་གནོད་སེལ་གྱི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པ། དཀོན་ཞིང་རྩ་ཆེ་བའི་དངོས་རིགས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ།“ཐཱན་གཉིས”ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་རོགས་རམ་བྱེད་པ། “རི་བོ་གཉིས”ཀྱི་འཕོ་འགྱུར་བགྲོད་ལམ་རྒྱ་སྐྱེད་པ་བཅས་བྱས་ཏེ། སྐྱེ་ཁམས་ཀྱི་དགེ་མཚན་ལྡན་པའི་མ་ལག་རང་བཞིན་དེ་ཐོན་ལས་ཀྱི་ཁྱད་སྟོབས་དང་དཔལ་འབྱོར་གྱི་ཁྱད་སྟོབས། འཕེལ་རྒྱས་ཀྱི་ཁྱད་སྟོབས་བཅས་སུ་བསྒྱུར་དགོས། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས། འབྲེལ་ཡོད་མཐོ་རིམ་སློབ་གྲྭ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་འབྲེལ་ཡོད་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།