རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ཉེར་གསུམ་པ་ཚེས26ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་མཇུག་སྒྲིལ། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མཇུག་སྒྲིལ་ཚོགས་འདུ་ལ་འགོ་འཛིན་མཛད། གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད། གསར་དུ་བཟོ་བཅོས་བྱས་པའི་ཚོང་རྟགས་བཅའ་ཁྲིམས་དང་ཐོ་འགོད་རྩིས་གཉེར་བཅའ་ཁྲིམས་བཟོ་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་། རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ཀོན་ཀྲི་ཨུག་གི་གོ་གནས་ཕྱིར་འཐེན་བྱ་རྒྱུ་གཏན་འབེབས་བྱས།
གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་ཧོང་ཀང་འགག་སྒོ་ལས་ཞང་ཀང་ཕྱོགས་ཀྱི་འགག་སྒོ་ཆུས་དང་དེ་མིན་འབྲེལ་ཡོད་རྒྱུན་བསྲིང་ཆུས་ལ་བདག་སྐྱོང་བྱེད་དབང་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2025ལོའི་ཀྲུང་དབྱང་ངེས་རྩིས་ལ་ཆོག་མཆན་བཀོད་པའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2025ལོའི་ཀྲུང་དབྱང་ངེས་རྩིས་ལ་ཆོག་མཆན་བཀོད།
གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད། ཝང་ཀྲུང་ལིན་རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོ་གཞག་བྱས་པ་དང་། ཙེན་ཕིང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བསྐོ་གཞག་བྱས། གྲོས་ཚོགས་ལས་ད་དུང་བསྐོ་འཐེན་གྲོས་གཞི་གཞན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་འབྲེལ་ཡོད་བརྡས་ཐག་གཅོད་པའི་ལས་དོན་བསྒྲུབས་རྗེས། ཀྲའོ་ལེ་ཅི་ཡིས་གསུང་བཤད་གནང་།
ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཡུན་རིང་གི་རྨང་གཞི་རང་བཞིན་གྱི་ལས་དོན་ཞིག་ཡིན། ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དྲིལ་སྒྲོག་འགྲེལ་བཤད་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་དེ་ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པ་དང་། དེས་བཅའ་ཁྲིམས་ལག་བསྟར་བྱེད་པར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་ཕན་ཐོགས་ཡོད། བརྒྱུད་རིམ་ཧྲིལ་པོར་ཁྱབ་དགོས་ན། ལས་གཞི་འཛུགས་པ་དང་། རྟོག་ཞིབ། འཆར་ཟིན་འགོད་པ། བསམ་འཆར་བསྡུ་ལེན་དང་གྲོས་ཞིབ་བྱེད་པ། དངོས་སུ་འདོན་པ་སོགས་ཀྱི་ཕྱོགས་སོ་སོའི་དྲིལ་སྒྲོག་འགྲེལ་བཤད་བྱེད་ཤུགས་ཆེ་རུ་བསྐྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གང་ཅིའི་ཐད་ཀྱི་ཁྲིམས་འཛུགས་ཀྱི་མོས་སེམས་དང་བཅའ་ཁྲིམས་གཏན་འབེབས་ཀྱི་ཤེས་རྟོགས་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་འཛུགས་ཀྱི་བརྒྱུད་རིམ་དེ་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་དང་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བའི་བརྒྱུད་རིམ་དུ་འགྱུར་བར་བྱེད་དགོས། ཐབས་དང་རྣམ་པ་གསར་གཏོད་བྱས་ཏེ། གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་དང་། མགྲིན་ཚབ་པའི་རྐྱེན་སྲོལ། བཅའ་ཁྲིམས་ལག་བསྟར་བཞུགས་མོལ་ཚོགས་འདུ་དང་། རྩོམ་ཡིག་ཀློག་འགྲེལ། ཟུར་ཁྲིད་སྙན་ཞུ་སོགས་ཀྱི་རྣམ་པ་བེད་སྤྱོད་ཡག་པོ་བྱེད་དགོས། མང་ཚོགས་ཀྱིས་གོ་སླ་བ་དང་། རྒྱུས་ལོན་ཐུབ་པ། དང་ལེན་བྱེད་བདེ་བ་བཅས་ཀྱི་སྐད་ཆ་དང་བྱེད་ཐབས་སྤྱད་དེ། དབང་གྲགས་ལྡན་པ་དང་། གནད་ལ་འཁེལ་བ། ནུས་ལྡན་བཅས་ཀྱི་སྒོ་ནས་ཁྲིམས་འཛུགས་དྲིལ་སྒྲོག་འགྲེལ་བཤད་ཡག་པོ་བྱས་ཏེ། བཅའ་ཁྲིམས་སྔར་ལས་ལྷག་པའི་སྒོ་ནས་མི་སེམས་སུ་འཇགས་པར་བྱེད་དགོས།
མང་ཚོགས་ཟབ་ཞུགས་བྱེད་ཚད་ཇེ་ཆེར་གཏོང་དགོས་ཚེ། སྒོ་འབྱེད་ཁྲིམས་འཛུགས་རྒྱུན་འཁྱོངས་དང་། ཁྲིམས་འཛུགས་འཆར་འགོད་དང་འཆར་གཞི། བཅའ་ཁྲིམས་ཀྱི་འཆར་ཟིན། བཅའ་ཁྲིམས་ཀྱི་ཡིག་ཆ་དངོས་མ་བཅས་ཁྲིམས་ལྟར་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་ཏེ། དམངས་ཀྱི་འདོད་བློ་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་དགོས། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་འདེབས་ཚེ། ཕྱོགས་གང་ཅིའི་ཐད་ནས་བཏོན་པའི་ཁྲིམས་འཛུགས་ཀྱི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་ནན་ཏན་བྱས་ཏེ། ཁྲིམས་འཛུགས་ལས་དོན་དང་འབྲེལ་བའི་གླེང་ཕྱོགས་ལ་དོ་སྣང་ཆེན་པོ་བྱས་ཏེ། དྲང་ཕྱོགས་ནས་ཁྲིད་སྟོན་བྱེད་པར་ཤུགས་བསྣན་ནས་དོགས་གནད་སེལ་བ་དང་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་དགོས།
མཇུག་སྒྲིལ་ཚོགས་འདུའི་རྗེས་སུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ཉེར་གསུམ་པས་ཆེད་དོན་འཆད་ཁྲིད་སྤེལ་བ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པས་ཚེས26ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།