ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་ནུབ་ཁུལ་དུ་བསྐྱོད་དེ་ཡུལ་དངོས་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་དང་ཝུའུ་ལན་རྫོང་དུ་བསྐྱོད་དེ་ཡུལ་དངོས་རྟོག་ཞིབ་བྱས། 

རྟོག་ཞིབ་ཚན་ཆུང་གིས་བཞུགས་མོལ་ཚོགས་འདུ་བསྡུ་བ་དང་ཁེ་ལས་ལ་འཚམས་འདྲི་བྱེད་པ། ལས་གཞི་ལ་ལྟ་ཞིབ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་གནས་ཚུལ་དངོས་རྩད་གཅོད་དང་བསམ་འཆར་སྡུད་ལེན་བྱས་ཏེ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་གི་འབྲེལ་ཡོད་སྙན་ཞུར་གྲོས་ཞིབ་བྱེད་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་སྐུལ་འདེད་སྲོལ་ཡིག་འཆར་ཟིན》ལ་ཐོག་མའི་གྲོས་ཞིབ་ཡག་པོ་བྱེད་པར་གྲ་སྒྲིག་གང་ལེགས་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ད་ལོའི་ཚུན་དུ་མཚོ་ནུབ་ཁུལ་གྱི་འཆར་གཞི་དང་སྔོན་རྩིས་ལག་བསྟར་བྱས་ཚུལ་སྤྱིའི་ཆ་ནས་ཡག་པོ་ཡོད་པ་དང་། ཐོན་སྐྱེད་མཁོ་སྤྲོད་རྒྱུན་མཐུད་འཕར་སྣོན་བྱུང་ལ། འཛད་སྤྱོད་སླར་གསོ་བྱུང་ཡོད་པ་དང་། ལས་ཞུགས་སྤྱིའི་ཆ་ནས་བརྟན་པོ་ཡིན། རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམིགས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་སྣེ་ཁྲིད་དུ་བྱས་ཏེ། སྒུལ་ནུས་བརྗེ་སྒྱུར་དང་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་ཚད་ཇེ་མགྱོགས་སུ་གཏོང་དགོས། སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་དམ་འཛིན་བྱེད་པ་དང་། དམངས་ཁྲོད་ཀྱི་དངུལ་གཏོང་དང་སྡོད་དམངས་ཀྱི་འཛད་སྤྱོད་ལ་དམིགས་ནས་རྒྱུན་མཐུད་ངང་ཤུགས་འདོན་པ། དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པ་བཅས་བྱེད་དགོས། བསྒྱུར་བཅོས་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། “ མི་ཐབས་རིག་ནུས+” ལ་སྐུལ་འདེད་བཏང་ནས་རིག་ནུས་དཔལ་འབྱོར་གྱི་རྣམ་པ་གསར་པ་གཏོད་པ་དང་། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་བྱ་བ་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། རང་འགུལ་ངང་མདུན་ཕྱོགས་སུ་ཞབས་འདེགས་ཞུ་བ། ཁེ་ལས་ཀྱི་དཀའ་ངལ་སེལ་བ། ཁྲོམ་རའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས། ནོར་སྲིད་ཚན་རིག་དང་མཐུན་པའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ནོར་སྲིད་ཐོན་ཁུངས་སྣ་ཚོགས་གཅིག་གྱུར་གྱིས་བེད་སྤྱོད་ཡག་པོ་བྱེད་པ། གཞི་རྩའི་སྔོན་རྩིས་བསྒྱུར་བཅོས་དང་སྔོན་རྩིས་ཀྱི་ཕན་འབྲས་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཐབ་ཇུས་ལས་འགན་གལ་ཆེན་དང་གཞི་རྩའི་དམངས་འཚོ་འགན་སྲུང་གི་ནོར་ཤུགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་ཚད་ལྡན་དུ་བཏང་ནས་བུ་ལོན་གྱི་ཉེན་ཁ་ཚོད་འཛིན་ནན་མོ་བྱེད་དགོས། རྒྱལ་དབང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་དབང་རྒྱུ་ནོར་གྱི་དོ་དམ་མ་ལག་དང་དོ་དམ་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། རྒྱལ་དབང་རྒྱུ་ནོར་གྱིས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཕན་པ་བསྐྲུན་ཐུབ་པར་བྱ་དགོས། གཞི་རིམ་གྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཏེ་ས་གནས་ཀྱི་འཕེལ་རྒྱས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་མ་ཟིན་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་འགན་སྲུང་བྱ་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།