
ཀྲུང་གོ་དང་ཡ་གླིང་། ཡོ་རོབ་ཀྱི་འགྲེམ་ཚོགས་སྐབས་དགུ་པ་ཚེས25ཉིན་ཞིན་ཅང་ཝུའུ་ལུའུ་མུའུ་ཆི་རུ་འགོ་བརྩམས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཀྲུང་གོ་དང་ཡ་གླིང་། ཡོ་རོབ་ཀྱི་འགྲེམ་ཚོགས་སྐབས་དགུ་པ་ཚེས25ཉིན་ཞིན་ཅང་ཝུའུ་ལུའུ་མུའུ་ཆི་རུ་འགོ་བརྩམས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཏིང་ཞུའེ་ཞང་གིས་བསྟན་དོན། ཡ་གླིང་དང་ཡོ་རོབ་སྐམ་ས་ཆེན་མོ་ནི་གནའ་སྔ་མོ་ནས་དཔལ་ཡོན་མཉམ་འདྲེས་དང་། ཉོ་ཚོང་མཉམ་འདྲེས་བྱ་ཡུལ་ཞིག་ཡིན་ལ། ད་ལྟ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་གཙོ་གནད་ཁུལ་ཁོངས་སུ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དར་གོས་ཚོང་ལམ་སྙིང་སྟོབས་དར་སྤེལ་བཏང་སྟེ། ཡ་གླིང་དང་ཡོ་རོབ་ཀྱི་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དང་། ཡ་གླིང་དང་ཡོ་རོབ་ཀྱི་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་དགོས། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཡ་གླིང་དང་ཡོ་རོབ་ཀྱི་ཕྱོགས་སོ་སོ་མཉམ་དུ། ཞི་བདེ་མཉམ་ལས་དང་སྒོ་འབྱེད་ཁོང་ཡངས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་བ་མ་ཟད། གནའ་བོའི་དར་གོས་ཚོང་ལམ་ལ་སྐྱེ་སྟོབས་གསར་པ་རྒྱས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བར་སྐུལ་འདེད་བཏང་།
ཏིང་ཞུའེ་ཞང་གིས་ཡ་གླིང་དང་ཡོ་རོབ་ས་ཁུལ་གྱི་རྒྱལ་ཁབ་སོ་སོས་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པའི་ཐད་གྲོས་འགོ་བཞི་བཏོན་པ་སྟེ། གཅིག་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཟབ་མོ་བྱེད་པ་དང་སྲིད་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཁག་གི་རེ་ཞུའི་མཐུན་ས་དང་ཁེ་ཕན་གྱི་འདྲེས་ས། མ་འོངས་པའི་འཕར་གནས་བཅས་ཡང་དག་འཚོལ་དགོས། གཉིས་ནས་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་མུ་མཐུད་དུ་ཆེ་རུ་བཏང་ནས། སྒོ་ཁྲལ་དང་སྒོ་ཁྲལ་མིན་པའི་བཀག་རྒྱ་ཇེ་ཆུང་དུ་གཏོང་དགོས་ལ། ལམ་ལུགས་རྣམ་པའི་སྒོ་འབྱེད་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་ནས། ཁུལ་ཁོངས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། གསུམ་ནས་སྣ་མང་ནུས་ཆེའི་སྦྲེལ་མཐུད་དྲ་བ་རྒྱུན་མཐུད་ངང་འཛུགས་དགོས་ལ། རྨང་གཞིའི་སྒྲིག་བཀོད“བཙན་སྦྲེལ་སྦྲེལ་མཐུད”དང་། སྒྲིག་སྲོལ་དང་ཚད་གཞིའི“མཉེན་སྦྲེལ་སྦྲེལ་མཐུད”ལ་ཤུགས་བསྣན་ནས། མི་སྣ་འགྲོ་འོང་དང་ལག་རྩལ་སྤོ་སྒྱུར། མ་དངུལ་རྒྱུན་འཁོར་བཅས་སྔར་ལས་སྟབས་བདེ་ཡོང་བར་སྐུལ་འདེད་གཏོང་དགོས། བཞི་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་མཐུད་ངང་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་གོ་སྐབས་དམ་འཛིན་བྱས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་དགོས་ལ། སྔར་ལས་མཉེན་ཆ་ལྡན་པའི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་བསྐྲུན་དགོས།
ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་སྟོབས་ལྡན་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག ཞིན་ཅང་གི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། རྣམ་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ང་ཚོས་སྔར་བཞིན་ཞིན་ཅང་གིས་ས་གནས་དེའི་ཁྱད་ཆོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་དང་། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་སྔར་བས་ཆེན་པོ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་ངེས།
ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་རུའུ་མན་ཅ་ལིན་དང་། ཅིར་ཅི་སི་ཐན་གྱི་ཙུང་ལི་གཞོན་པ་ཨ་ཁུན་པེ་ཁོ་ཧྥུའུ། ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གི་གྲོས་གཙོ་གཞོན་པ་མུའུ་སི་ཐ་ཧྥ་བཅས་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
འགོ་རྩོམ་མཛད་སྒོའི་སྔོན་ལ། ཏིང་ཞུའེ་ཞང་གིས་འགྲེམ་ཚོགས་ཀྱི་འགྲེམས་ཁང་དུ་སྐོར་སྐྱོད་བྱས་པ་མ་ཟད་འགྲེམས་སྟོན་ལ་ཞུགས་མཁན་ལས་ཁུངས་ཀྱི་འགན་འཁུར་བ་དང་བརྗེ་རེས་གནང་།
ཚེས24ནས25ཉིན་བར། ཏིང་ཞུའེ་ཞང་གིས་རུའུ་མན་ཅ་ལིན་དང་ཨ་ཁུན་པེ་ཁོ་ཧྥུ། མུའུ་སི་ཐ་ཧྥ་བཅས་སོ་སོར་མཇལ་འཕྲད་གནང་ནས། ཐུན་མོང་དོ་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་། ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་སྲ་བརྟན་དང་རྒྱ་སྐྱེད་པ། མི་ཚུལ་སྣ་ཚོགས་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཁག་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་འདོད་ཡོད། ཕྱི་ཕྱོགས་ཀྱི་ཆབ་སྲིད་མི་སྣ་གལ་ཆེན་གྱིས་འགྲེམ་ཚོགས་བསྡུས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ལ། ས་ཁུལ་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཀྲུང་གོའི་ནུས་པ་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་དང་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བའི་རེ་བ་བྱེད་བཞིན་ཡོད་པ་རེད།