ཞིང་ཆེན་སྲིད་གྲོས་ཀྱིས་ཟུང་ཟླའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས25ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཟུང་ཟླའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཤར་ནུབ་ཁུལ་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར་ཟབ་སྤེལ་བྱས་ནས། ལྗང་མདོག་རྩིས་གློག་མཉམ་གཅིག་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས། ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་དང་། ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཁུང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིག་ཏ་དབྱེ། མཱ་ཡོའེ་ཞང་། ཅིན་ཧྲིན་ཧྲིག་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་། ཀྲང་ཞའོ་རུང་གིས་བརྗོད་དོན་སྙན་ཞུ་ཕུལ། ཚོགས་ཞུགས་འཐུས་མི་བརྒྱད་ཀྱིས་རྩིས་གློག་མཉམ་ལས་གཞི་གཅིག་ཅན་འཛུགས་སྐྲུན་དང་།  ཤར་ནུབ་ཁུལ་རོགས་འདེགས་རྩིས་གློག་མཉམ་འདྲེས། རྩིས་ཤུགས་ཀྱིས་སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་ལ་ནུས་སྤྲོད། ལྗང་གློག་རིན་ཐང་སྤོ་སྒྱུར་མཐོར་འདེགས་སོགས་ཀྱི་ཕྱོགས་ནས་སྲིད་གླེང་གྲོས་འདོན་བྱས། ཚང་མས་མཚོ་སྔོན་གྱི་ཐོན་ཁུངས་ནུས་ཁུངས་དགེ་མཚན་མངོན་གསལ་ཡིན་པ་དང་། ལྗང་གློག་ལྷན་སྐྱེས་འབུར་ཐོན་ཡིན་པ། འཕེལ་རྒྱས་མདུན་ལྗོངས་རྒྱ་ཆེ་བ་ཡིན་པར་གཅིག་མཐུན་བྱུང་ཡོད། སྲིད་ཇུས་ཀྱི་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་ལྗང་གློག་བེད་སྤྱོད་རིན་ཐང་མཐོར་འདེགས་བྱེད་པ། བཀོལ་སྤྱོད་ཡུལ་ལྗོངས་ཟབ་བསྐྲུན། ཐོན་ལས་རིག་ནུས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། ཁོངས་བརྒལ་ཁེ་ཕན་མཉམ་སྤྱོད་བྱེད་པ་འཐུས་ཚང་དུ་བཏང་ནས། ཤར་ནུབ་ཁུལ་རོགས་རེས་གཏིང་ཟབ་སྒོས་རྒྱ་བསྐྱེད་རྒྱུ་རེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་གཞི་གྲངས་ཅུས། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་འབྲེལ་ཡོད་བློ་མཐུན་ཀྱིས་གཏམ་བཤད་གནང་།

ཀྲང་ཅིན་ཀང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། ཞིང་ཆེན་སྲིད་གྲོས་གྲོས་མོལ་སྲིད་གླེང་གི་གྲུབ་འབྲས་ལ་ཚད་མཐོན་པོའི་གདེང་འཇོག་དང་ཁས་ལེན་བྱས་པར་མ་ཟད། རང་ཞིང་ཆེན་གྱིས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། མིག་སྔའི་འཕེལ་རྒྱས་ཀྱི་ཞན་ཆ་དབྱེ་ཞིབ་ཞིབ་མོར་བྱས་ཏེ། གོ་རིམ་རྗེས་མའི་བྱ་བའི་རིག་ལམ་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ས་གནས་ཀྱི་ཁྱད་ལྡན་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བྱེད་པར་ཤུགས་སྣོན་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བསྩལ་བའི་ལས་འགན་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་བཀོལ་ནས། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དག་གཙང་ནུས་ཁུངས་གསར་འབྱེད་དང་། གསར་དར་གློག་ཤུགས་མ་ལག་འཛུགས་སྐྲུན། རྩིས་ཤུགས་གཞི་ཁྱོན་རྒྱ་བསྐྱེད། རྩིས་ཤུགས་རིན་ཐང་སྤོ་སྒྱུར་གྲུབ་འབྲས་མངོན་འགྱུར་བྱས་པས། ལྗང་མདོག་རྩིས་གློག་མཐུན་སྦྱོར་གྱི་འཕེལ་རྒྱས་ཀྱི་ངང་ཚུལ་བཟང་པོ་མངོན། ཞིང་ཆེན་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཐག་བཀོད་སྒྲིག་སྟེང་དུ་འབབ་དགོས་པ་དང་། .འབྲེལ་འདྲིས་རྒྱ་ཁྱབ་འདོན་སྤེལ་དང་འཐུས་ཚབ་རང་བཞིན་ཆེ་བ། དམངས་ཀྱི་བློ་གྲོས་དང་དམངས་སེམས་ཀྱི་དགེ་མཚན་གཅིག་བསྡུས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་སེམས་ཤུགས་གཅིག་སྡུད་དང་། མཉམ་སྤེལ་མཉམ་བསྐྲུན་གྱི་མཉམ་ཤུགས་གྲུབ་ཡོད། སྲིད་གྲོས་ཁོངས་བརྒལ་མཉམ་སྒུལ་གྱི་འགན་འཁྲིའི་བགྲོད་ལམ་ལ་བརྟེན་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་སྲིད་གྲོས་ཀྱིས་རྒྱུན་རྣམ་ཅན་གྱི་མཉམ་སྒུལ་གྲོས་མོལ་བྱེད་པ་ཟབ་སྤེལ་བྱས་ཏེ། གནད་ལ་འཁེལ་བའི་སྒོ་ནས་ཤར་ཁུལ་རྩིས་ཤུགས་ཐོན་ལས་ཀྱི་ཕུལ་བྱུང་ཐོན་ཁུངས་དང་སྦྲེལ་ནས། སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་སྟེགས་བུ་འཛུགས་དགོས། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཁ་བྱང་གནད་དུ་ཁེལ་བར་གདམ་པ་དང་གཏིང་ཟབ་སྒོས་རྟོག་ཞིབ་བྱེད་པ། དྲང་མོར་གྲོས་འདོན་བྱས་ནས། རྒྱུན་རྣམ་ཅན་གྱི་སྒོ་ནས་དམངས་གཙོ་ལྟ་སྐུལ་དང་གྲུབ་འབྲས་འདྲི་བརྩད། གྲུབ་འབྲས་སྤོ་སྒྱུར་བགྲོད་ལམ་རྒྱ་བསྐྱེད་བཏང་སྟེ། དངོས་འབེབས་ནུས་ཐོན་མཐོར་འདེགས་བྱས་ནས། གྲོས་མོལ་གྲུབ་འབྲས་དེ་འཕེལ་རྒྱས་དངོས་འབྲས་སུ་དངོས་སྒྱུར་བྱེད་དགོས།

ཞིང་ཆེན་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོས་འགན་ཁུར་བློ་མཐུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།