ཟླ6པའི་ཚེས25ཉིན་ནས་ཚེས27ཉིན་བར། མཚོ་སྔོན་ཞིང་ཆེན་ལས་རིགས་རྩལ་ནུས་འགྲན་སྡུར་སྐབས་བཞི་བ་དང་ལས་བཟོ་བའི་ལས་རིགས་རྩལ་ནུས་འགྲན་སྡུར་ཐེངས་ཉེར་གཉིས་པ་ཟི་ལིང་གྲོང་ཁྱེར་དུ་སྤེལ། འགྲན་བསྡུར་གྱི་བརྗོད་དོན་གཙོ་བ་ནི་རྩལ་ནུས་ལ་བརྟེན་ནས་འབྱུང་འགྱུར་ལ་འོད་སྟོང་བསྐྲུན་པ་དང་རྩལ་ནུས་ལ་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་འོད་སྣང་སྦྱིན་པ་ཞེས་པ་དེ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་འཐུས་མིའི་ཚོགས་པ33གྱི་འགྲན་ཞུགས་པ2607གྱིས་འགྲན་སྡུར་རྣམ་གྲངས121ནང་རྩལ་ནུས་བཏོན་པ་དང་དངོས་འཐབ་ཀྱི་འགྲན་བསྡུར་དྲག་པོ་བྱས།
འགྲན་བསྡུར་དེ་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་བཟོ་ཚོང་ཅུས། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་དང་མཉམ་དུ་གཉེར་བ་རེད། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་གསར་གཏོད་བཞི་དང་དམིགས་འབེན་བཞི། སྐུལ་ལྕག་བཞི་བཅས་ཀྱི་འགྲན་སྡུར་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། དེ་བས་སྒོ་འབྱེད་དང་དངོས་གཉེར། ཕན་ནུས་ལྡན་པ། མཐོ་སྒང་གི་ཤུགས་རྐྱེན་ལྡན་པའི་རྩལ་ནུས་འགྲན་སྡུར་གཉེར་གང་ཐུབ་བྱ་དགོས། འགྲན་བསྡུར་དེ་འགྲན་ར་གཙོ་བོ་དང་ཡན་ལག་འགྲན་ར་གཉིས་ནས་མཉམ་དུ་སྐུལ་འདེད་གཏོང་བའི་རྣམ་པ་སྤྱད་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགྲན་ར་གཙོ་བོ་བཙུགས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་པའི་གསོ་སྦྱོང་རྟེན་གཞི་དང་མཐོ་རིམ་སློབ་གླིང་། ལས་རིགས་སློབ་གླིང་། ལག་རྩལ་བཟོ་པའི་སློབ་གྲྭ། ཁེ་ལས། དེ་བཞིན་རིམ་པ་སོ་སོའི་བཟོ་ཚོགས་བཅས་སུ་ཡན་ལག་འགྲན་ར35བཙུགས་ཏེ། ས་ཆ་མང་པོས་མཉམ་སྒྲུབ་ཀྱི་འགྲན་བསྡུར་བྱེད་སྟངས་ལ་བརྟེན་ནས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱ་དགོས། ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་དང་ཆུས། དེ་བཞིན་སློབ་གླིང་དང་ཁེ་ལས་བཅས་ཀྱི་གཞུང་ཕྱོགས་ནས་མཐིལ་རྟོགས་པ་དང་འཕྲེད་ཕྱོགས་ནས་མཐའ་འཁྱོལ་བའི་རིམ་པ་མང་པོའི་མཉམ་འགུལ་འགྲན་བསྡུར་བྱེད་སྟངས་བཙུགས་ནས་འདེམས་སྒྲུག་བགྲོད་ལམ་ཤར་གཏོང་བྱ་དགོས། འགྲན་བསྡུར་མང་པོ་མཉམ་འདྲེས་བྱས་ནས་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་འགྲན་སྡུར་གྱི་དབང་གྲགས་དང་རིན་ཐང་ཆེ་རུ་གཏང་དགོས།
འགྲན་བསྡུར་ཆེན་མོ་འདི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གཙོ་བོ་འཕྲུལ་གློག་གཞི་གཅིག་ཅན་དང་ཆ་འཕྲིན་དྲ་རྒྱའི་མི་མེད་གནམ་གྲུའི་མ་ལག་སོགས་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་བསྡུར་རྣམ་གྲངས་བཀོད་སྒྲིག་བྱས་ནས་རང་རེའི་ཞིང་ཆེན་གྱི་རྒྱལ་སྤྱིའི་མིག་རྒྱང་ལྡན་ཞིང་ཆུ་ཚད་མཐོ་བའི་རྩལ་ནུས་འགྲན་ཞུགས་པ་འདེམས་སྒྲུག་དང་གསོག་ཉར་བྱ་རྒྱུ་རེད།