མཚོ་སྔོན་པོའི་དབྱར་དུས་ཀྱི་ངོ་མཚར་བའི་ཚེ་སྲོག་གི་གཏམ་རྒྱུད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་པོའི་འགྲམ་ངོགས།

དེ་ཡང་ཇི་སྐད་དུ། “འདི་ནི་ནམ་མཁའི་བུ་མོ་སྔོ་བསངས་མ།། ས་གཞིའི་ཕུན་ཚོགས་ཉམས་སུ་མྱོང་སླད་དུ།། ཆུ་བོའི་གཟུགས་ཀྱིས་ས་ལ་བབས་པ་སྟེ།། མཚོ་ཆེན་ཁྲི་ཤོག་རྒྱལ་མོ་ཞེས་བྱར་གྲགས།། ”ཞེས་གསུངས་པ་ལྟར། དབྱར་ཉི་ལྡོག་སླེབས་དུས། མཐིང་མདོག་གི་མཚོ་སྔོན་པོའི་མཚོ་ངོས་སུ་འོད་ལམ་ལམ་གྱི་རླབས་ཀྱི་ཁྲེམ་གཉེར་བསིལ་རླུང་གི་རྒྱུ་བ་དང་བསྟུན་ནས་སྐྱོམ་བཞིན་འདུག རྒྱང་ནས་གཟིགས་ཚེ། ནམ་མཁའ་དང་གཞི་གཅིག་ཏུ་འདྲེས་པའི“མཐོ་སྒང་གི་ཨིནྡྲ་ནི་ལ”སྟེ་མཚོ་སྔོན་པོ་རུ་ཚེ་སྲོག་གི་ངོ་མཚར་གཏམ་རྒྱུད་མཐོང་ལམ་དུ་མངོན་ཡོང་།

ཉ་མོ་ཕྱིར་རྐྱལ་བཞིན་པའི་ཚུལ

མཚོ་སྐོར་གཞུང་ལམ་བརྒྱུད་ནས་དལ་གྱིས་བགྲོད་སྐབས། ཐོག་མར་མཐོང་ལམ་དུ་མངོན་འོང་བ་ནི་མཚོ་སྔོན་པོར་འབབ་པའི་ཆུ་རྒྱུན་ནང་གི་ངོ་མཚར་བའི་ཚེ་སྲོག་གི་སྣང་བརྙན་ཏེ།  ལོ་རེར་ཐེངས་གཅིག་བྱུང་བའི་མཚོ་སྔོན་པོའི་གསེར་ཉ་ཕྱིར་རྐྱལ་བའི་དུས་ཚིགས་རེད། ལོ་རེའི་ཟླ5པའི་ཟླ་སྨད་ནས་ཟླ8པའི་ཟླ་མགོར། གསེར་ཉ་ཁྱུ་དང་ཁྱུ་བྱས་ཏེ་མཚོ་སྔོན་པོར་འབབ་པའི་ཆུ་ལག་ནང་དུ་ཕྱིར་རྐྱལ་ནས། གཙང་པའི་སྟོད་རྒྱུད་ཀྱི་ཚྭ་མེད་ཆུའི་ནང་དུ་ཉ་སྒོང་གཏོང་བའི་ལས་ལ་བྲེལ་བཞིན་མཆིས། རྒྱུ་ཆ་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་མཐའ་འཁོར་གྱི་འོམ་ཆུ་གཙང་པོ་དང་མཚོ་འཁྱིལ་གཙང་པོ། བེའུ་ཧ་གཙང་པོ། དེ་མིན་རྟ་ནག་མ་གཙང་པོ་བཅས་ནི་ཉ་མོ་ཕྱིར་རྐྱལ་ནས་སྒོ་ང་གཏང་སའི་ཆུ་བོ་གཙོ་བོ་ཡིན།

དགོ་ཁྱུའི་རྗེས་བསྙེགས་པའི་དགོ་དམར།

མཚོ་སྔོན་པོའི་བརླན་ས་རུ། བྱ་ལོང་ལྟག་ཁྲ་དང་བྱ་རི་སྐེགས་ཀྱིས་ངང་ཕྲུག་འཁྲིད་ནས་རྒུན་བུ་འཚོལ་བཞིན་ཡོད་པ་དང་། ངང་ཕྲུག་གིས་ཕ་མའི་རྗེས་བསྙེགས་ནས་ལྗང་མྱུག་དང་འདམ་བག་ནང་གི་འབུ་ཕྲུག་ཁ་ཟས་ལ་རོལ། འདམ་ངོས་སུ་ད་དུང་རི་སྤྱང་གི་རྐང་རྗེས་ཡོད་ཅིང་མཁའ་དབྱིངས་སུ་གླག་རྒོད་ཀྱི་ལྡིང་སྐོར་བརྒྱབ་ཏེ་མཚོ་མོའི་ངོགས་སུ་སྐྱེ་སྟོབས་ཀྱི་དཔལ་འབར་འདུག

བྱ་ལོང་ལྟག་ཁྲས་ངང་ཕྲུག་འཁྲིད་ནས་འགྲོ་བཞིན་པའི་ཚུལ།

བྱེ་སྒང་དང་རྩྭ་ཐང་བརྒལ་ཚེ། དགོ་དམར་གྱི་འཚོ་སྡོད་གནས་སུ་སླེབས་ཐུབ། མཚོ་སྔོན་པོར་མ་གཏོགས་མེད་པའི་རི་དྭགས་དགོ་དམར་དགོ་ཕྲུག་བཙའ་བའི་དུས་ལ་སླེབས་འདུག་པ་དང་། དགོ་ཁྱུས་འགུལ་སྐྱོད་ཚད་ནམ་རྒྱུན་ལས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་ཡོད། མི་འགྱངས་པར། གནས་འདི་རུ་ཚེ་སྲོག་གསར་པ་སྐོར་ཞིག་བསུ་ངེས་སོ། །

འཕྱི་བ་སོ་སྲུང་པ།

རི་སྐྱེས་སྲོག་ཆགས་འདི་དག་རྒྱུན་ཏུ་མཚོ་སྔོན་པོའི་མཐའ་འཁོར་དུ་འཚོ་སྡོད་བྱེད་བཞིན་ཡོད། སྤང་ཐང་དུ་ནོར་ནག་དང་གླ་ཁྱུ་འདྲེས་ནས་གཟན་རྩྭར་རོལ་པ་དང་། འབྲོག་པས་འཕྲུལ་རྟ་སྐོར་ནས་ལྟ་སྐུང་བྱས། རྒྱང་རིང་ནས་འོང་བའི་ཡུལ་སྐོར་པས་པར་ཆས་བཟུང་ནས་ཆུ་བྱས་ཉ་འཛིན་བཞིན་པ་བརྙན་ལ་བླངས། གནས་དེ་རུ། མི་དང་སྐྱེ་དངོས་མཐའ་དག་ཕན་ཚུན་ལ་མིག་ལྟ་ཙམ་བྱེད་པའི་རྒྱུ་འགྲུལ་པ་ཁོ་ན་ཙམ་མ་ཡིན་པར། ཐུན་མོང་སྒོས་འཚོ་ཞིང་གཞེས་པའི་སྤུན་གྲོགས་ཡིན།

སེམས་སོང་ངང་བར་སྒུག་བཞིན་པའི་ཚུལ།

“མཐོ་སྒང་གི་ཨིནྡྲ་ནི་ལ”རུ་བསྔགས་པའི་མཚོ་སྔོན་པོ་ནི། རང་བྱུང་གི་མཛེས་སྡུག་གིས་ཕྱུག་པའི་མཚོ་མོ་ཙམ་མིན་པར། གསོན་ཤུགས་ཀྱིས་བརྟས་པའི་རང་བྱུང་དངོས་མང་བཤམས་སྟོན་ཁང་ཞིག་ཡིན། ལོ་ངོ་དུང་ཕྱུར་མང་པོའི་རིང་གི་ས་ཤུན་འགུལ་སྐྱོད་ཀྱིས་བཞག་པའི་མཚོ་ངོགས་ཀྱི་ས་གཤིས་རྗེས་ཤུལ་དང་། བྱེ་མའི་རི་དང་མཚོ་ཆུས་གྲུབ་པའི་མཐོང་དཀོན་པའི་བྱེ་ཆུ་མཉམ་གནས་ཀྱི་བཀོད་པ་དེ་ནི་ལོ་ངོ་ཁྲི་སྟོང་ལ་འཁོར་སྐྱོད་བྱས་པའི“ཆུ—རྩྭ—ཉ—བྱ—གཅན་གཟན”སོགས་ཀྱི་སྐྱེ་ཁམས་མ་ལག་འཐུས་ཚང་ཞིག་ཡིན་པ་དང་། མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཇེ་ཚོགས་དང་འཆམ་ཞིང་མཐུན་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཀྱིས་ཇེ་ལེགས་སུ་སོང་བའི་ངོ་མཚར་གྱི་བསྡུས་གཟུགས་ཤིག་རེད།

ཆུ་བྱས་ཉ་མོ་འཛིན་བཞིན་པའི་ཚུལ།

མཚོ་མོའི་འགྲམ་ངོགས་སུ་ངལ་གསོ་བཞིན་པའི་ཆུ་བྱ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།