སྨར་ཁོག་ཆུའི་ནགས་ཁུལ་དུ་སྲེ་མོང་མཐོང་ལ་དེས་རང་ཞིང་གི་བྱི་ལའི་ཚན་གྱི་རིགས་ཁྱུ་དེའི་སྟོང་ཆ་བསྐངས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཀྲུང་གོའི་གསར་འགྱུར་དྲ་བས་ཟླ6ཚེས23ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཚེས23ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུས་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སྨར་ཁོག་ཆུའི་ནགས་ཁུལ་དུ་སྲེ་མོང་ཐོག་མར་མཐོང་ཞིང་། དེ་ནི་མཚོ་སྔོན་ཞིང་ཆེན་དུ་སྲོག་ཆགས་དེའི་རིགས་དང་ཐ་ན་བྱི་ལའི་ཚན་དུ་གཏོགས་པའི་རིགས་ཁྱུ་མངོན་སུམ་དུ་མཐོང་བ་ཐོག་དང་པོ་ཡིན་པས། སྲོག་ཆགས་ཀྱི་ས་ཁམས་རིག་པའི་ཐད་ལ་དོན་སྙིང་ཆེན་པོ་ལྡན་པར་མ་ཟད། ས་ཁོངས་དེའི་སྲོག་ཆགས་ཀྱི་སྣ་མང་རང་བཞིན་གྱི་རྨང་གཞིའི་གཞི་གྲངས་ལ་ཁ་དོག་གསར་པ་ཞིག་བསྣན།

2025ལོར་སྨར་ཁོག་ཆུའི་ནགས་རྩྭ་ཅུས་ཀྱིས་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཀྲང་ཐུང་ཙའོ་ཡི་ཞིབ་འཇུག་དཔུང་སྡེ་དང་མཉམ་འབྲེལ་བྱས་ཏེ། སྨར་ཁོག་ཆུའི་ནགས་ཁུལ་དུ་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་གཙོ་གནད་སྲུང་སྐྱོབ་ལ་ལྟ་ཞིབ་ཚད་ལེན་དང་བསྟི་གནས་ཀྱི་འོས་འཚམ་རང་བཞིན་ལ་དཔྱད་དཔོག་བྱས། ད་ལོའི་ཟླ3པར། ཚན་ཞིབ་པས་ནགས་ཁྲོད་དུ་བཙུགས་པའི་དམར་ཕྱིའི་པར་ཆས་ཕྱིར་སྡུད་པའི་སྐབས་སུ། པར་ཆས་ལས་ཤ་གཟན་རིགས་འབྲིང་གྲས་སུ་གཏོགས་པའི་སྲོག་ཆགས་ཤིག་གི་གཟུགས་བརྙན་མཐོང་བའི་མོད་ལ་འབྲེལ་ཡོད་རྒྱུ་ཆ་བཙལ་ནས་ལྟ་དུས། དེ་ནི་རི་དྭགས་སྲེ་མོང་ཡིན་པ་གཏན་འཁེལ་བྱུང་།

སྲེ་མོང་ནི་འོ་འཐུང་གི་རིགས་ལས་ཤ་གཟན་སྡེ་ཡི་བྱི་ལའི་རིགས་ཚན་དུ་གཏོགས་པ་དང་། དཔེ་མཚོན་ལྡན་པའི་ནགས་གནས་ཀྱི་ཤ་གཟན་རིགས་རེད། གཙོ་བོ་རང་རྒྱལ་གྱི་ཤར་རྒྱུད་དང་། དབུས་རྒྱུད། ལྷོ་རྒྱུད་ཀྱི་ས་ཁོངས་སུ་མང་བ་དང་། སྐྱེ་ཁམས་དང་ཚན་རིག སྤྱི་ཚོགས་ཀྱི་རིན་ཐང་གལ་ཆེན་ལྡན་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་ཤིག་རེད།

སྨར་ཁོག་ཆུ་ནགས་ཁུལ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་རྒྱུད་ན་ཡོད་ཅིང་། ནགས་ཁུལ་དེའི་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་བརྟན་འཇགས་ཡིན་པ་དང་། གསོམ་ཤིང་ལ་སོགས་པའི་ནགས་ཤིང་གི་ཁྱབ་ཚུལ་ཧ་ཅང་མངོན་གསལ་ཡིན་པས། མཚོ་བོད་མཐོ་སྒང་གི་དམིགས་བསལ་སྲོག་ཆགས་མང་པོ་ཞིག་གི་བསྟི་གནས་གལ་ཆེན་ཞིག་ཡིན་པར་མ་ཟད། ནུབ་ལྷོ་ས་ཁོངས་རྒྱུད་ཀྱི་ཁྱད་ཆོས་མངའ་བའི་སྲོག་ཆགས་ལ་འཚོ་གནས་ཀྱི་བར་སྟོང་ཞིག་འདོན་སྤྲོད་བྱས་ཡོད།  སྲེ་མོང་ནི་ནགས་གནས་ཀྱི་སྲོག་ཆགས་དཔེ་མཚོན་ཅན་ཞིག་ཡིན་པའི་ཆ་ནས་གནས་འདིར་རྒྱུ་བ་དེ་ལས་སྨར་ཁོག་ཆུའི་ནགས་ཁུལ་གྱིས་སྲོག་ཆགས་རིགས་འགྲོ་འོང་གི་རྒྱུད་ལམ་གྱི་བྱེད་ནུས་དམིགས་བསལ་ཞིག་འདོན་བཞིན་ཡོད་པ་ར་སྤྲོད་བྱས་ཡོད་པ་མ་ཟད། སྲོག་ཆགས་དེ་རིགས་ས་བབ་མཐོ་བའི་ཁོར་ཡུག་ལ་འཕྲོད་པོ་བྱུང་ནས་མཚོ་བོད་མཐོ་སྒང་གི་ས་ཁུལ་དུ་རྒྱ་སྐྱེད་བཞིན་པའི་རྟགས་ཤིག་ཀྱང་མངོན་ཡོད།

ཤེས་གསལ་ལྟར་ན། 2023ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་རྫོང་སོ་སོའི་ས་ཁོངས་སུ་རྟོག་ཞིབ་ཚད་ལེན་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ཡུལ་ཤུལ་གྱི་སྦུག་སྣ་ཕ་ཝང་དང་གོང་མ་སྲེག་ལ་སོགས་རྫོང་རིམ་པ་དང་ཞིང་ཆེན་རིམ་པའི་སྲོག་ཆགས་རིགས་གསར་པ30ལྷག་ཟིན་ཐོར་བཀོད་ཅིང་། དེས་རང་ཞིང་གིས་རི་སྐྱེས་སྲོག་ཆགས་ཀྱི་མ་གཞིར་རྟོག་ཞིབ་དང་ལྟ་སྐུལ་ཚད་ལེན་ལས་ཀར་གྲུབ་འབྲས་ཐོབ་པ་མཚོན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།