ཧི་ནན་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ནད་ཡམས་ཚོད་འཛིན་ལྟ་སྐུལ་པའི་ས་ཁོངས་མཐུན་སྦྱོར་འགོ་རྩོམ་ཚོགས་འདུ་ཀྲིན་ཀྲོའུ་གྲོང་ཁྱེར་དུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ།   མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་བསྒྲགས་པ་ལྟར་ན།   ཧི་ནན་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ནད་ཡམས་ཚོད་འཛིན་ལྟ་སྐུལ་པའི་ས་ཁོངས་མཐུན་སྦྱོར་མཉམ་ལས་འགོ་རྩོམ་ཚོགས་འདུ་ཀྲིན་ཀྲོའུ་གྲོང་ཁྱེར་དུ་བསྡུས་པ་དང་།  དེས་ཞིང་ཆེན་གཉིས་ཀྱིས་སྨན་བཅོས་སྡེ་ཁག་གི་ནད་ཡམས་ཚོད་འཛིན་ལྟ་སྐུལ་པའི་ལམ་ལུགས་འཛུགས་པའི་ཕྱོགས་ནས་ས་ཁོངས་བརྒལ་བའི་མཉམ་ལས་བྱས་པ་མཚོན།   ཐེངས་འདིའི་མཉམ་ལས་ཀྱི་དམིགས་ཡུལ་ནི་བྱ་བའི་བྱེད་ཐབས་གསར་གཏོད་དང་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་པ།   མཉམ་ཞུགས་སློབ་སྦྱོང་བརྒྱུད་དེ་ཐོན་ཁུངས་བདག་རྐྱེན་འཁོར་རྒྱུག་ལ་སྐུལ་སྤེལ་བཅས་བྱས་ནས་ནད་ཡམས་ཚོད་འཛིན་ལྟ་སྐུལ་ནུས་པ་ཇེ་ཆེར་གཏོང་རྒྱུ་དེ་རེད།

མཐུན་སྦྱོར་མཉམ་ལས་ཀྱི་བཀོད་སྒྲིག་ལྟར།  ཀྲིན་ཀྲོའུ་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་གྱིས་ནད་ཡམས་ཚོད་འཛིན་ལྟ་སྐུལ་པའི་ས་ཁོངས་བརྒལ་བའི་མཉམ་ལས་འབྲེལ་བ་བཙུགས་པ་དང་།  ཟི་ལིང་གྲོང་ཁྱེར་གྱིས་ནད་ཡམས་ཚོད་འཛིན་གྱི་ཆེད་འགན་ཁུར་བའི་ལྟ་སྐུལ་པ་སུམ་ཅུ་གདམ་མངག་བྱས་ཏེ་སྐོར་ཁག་ལྔ་དགར་ནས་དངོས་སྦྱོང་ལྟེ་གནས་སུ་སོང་སྟེ་གཅིག་གཏད་གཅིག་གི་མཉམ་ཞུགས་གསོ་སྦྱོང་སྤེལ་རྒྱུ་རེད།    གསོ་སྦྱོང་དེ་གནད་འགག་གི་ཁྱབ་ཁོངས་མང་པོར་ཁེབས་ཡོད་དེ།   དེའི་ནང་སྨན་བཅོས་ལས་ཁུངས་ཀྱི་ནད་ཡམས་ཚོད་འཛིན་ལྟ་སྐུལ་པའི་ལམ་ལུགས་འཛུགས་པ་དང་གཞུང་སྒྲུབ་ཁང་གི་འགན་འཁྲི་དོ་དམ།  ཆ་འཕྲིན་ཅན་གྱི་དོ་དམ།  སྨན་བཅོས་ལས་ཁུངས་ཀྱི་འགོས་ནད་གནས་ཚུལ་དོ་དམ།  སྨན་བཅོས་ལས་ཁུངས་ཀྱི་འགོག་སྨན་རྒྱག་པ་དང་འགོག་སྨན་དོ་དམ།  སྨན་བཅོས་ལས་ཁུངས་ཀྱི་དུག་སེལ་ལོགས་བཀར་དོ་དམ།  སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་སྙིགས་རོ་དང་བཙོག་ཆུ་དུག་སེལ་དོ་དམ་དང་།  སྨན་བཅོས་ལས་ཁུངས་ཀྱི་ནད་རྐྱེན་སྐྱེ་དངོས་ཕྲ་རབ་ཚོད་ལྟ་ཁང་གི་སྐྱེ་དངོས་བདེ་འཇགས་སོགས་ཕྱོགས་མང་པོ་འདུས་ཡོད།

ཐེངས་འདིའི་མཐུན་སྦྱོར་མཉམ་ལས་ནི་རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་ས་ཁོངས་དབྱེ་ནས་མཐུན་སྦྱོར་མཉམ་ལས་བྱས་ཏེ་སྨན་བཅོས་ལས་ཁུངས་ཀྱི་ནད་ཡམས་ཚོད་འཛིན་ལྟ་སྐུལ་པའི་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་ལག་ལེན་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱ་སྤྱོད་ཡིན་ཞིང་།   སྲིད་འཛིན་གྱི་བཀག་རྒྱ་མེད་པར་བྱས་ཏེ་ཞིང་ཆེན་གཉིས་ཀྱིས་ཉམས་མྱོང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཐོན་ཁུངས་མཉམ་སྤྱོད་བྱེད་པ། ནུས་པ་མཉམ་དུ་ཇེ་ཆེར་གཏོང་བ་བཅས་ཀྱི་ཕྱོགས་ནས་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་སྤེལ་བྱས་ཏེ། ནད་ཡམས་ཚོད་འཛིན་ལྟ་སྐུལ་པའི་ལམ་ལུགས་ཐད་ཀྱི་ལག་ལེན་རིམ་སྤོར་བྱེད་པར་དཔེ་སྟོན་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།