མཚོ་བྱང་གིས་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་མི་ཐེངས་སུམ་ཁྲི་ཉིས་སྟོང་དྲུག་བརྒྱར་སླེབས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ད་ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས“བརྟན་བརླིང་བཞིའི”ལས་ཀའི་བླང་བྱ་སྟངས་འཛིན་ནན་མོ་བྱས་ཏེ། ལས་ཞུགས་བརྟན་པོའི་ལས་དོན་ཁག་ལ་སྐུལ་འདེད་ནན་མོ་གཏོང་བ་དང་ཏན་ཏིག་ངང་སྤེལ་བར་གཅིག་འདོམས་སྒོས་སྐུལ་འདེད་བཏང་ཡོད། མིག་སྔའི་བར་མཚོ་བྱང་ཁུལ་གྱི་མཁར་གྲོང་དུ་ལས་ཞུགས་གསར་པ་བྱུང་བའི་མི1623ཡོད་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་མི་ཐེངས་སུམ་ཁྲི་ཉིས་སྟོང་དྲུག་བརྒྱ་བྱས་ཡོད། མཁར་གྲོང་གི་ལས་ཤོར་མི་སྣ484ཡང་བསྐྱར་ལས་ཞུགས་བྱས་ཡོད། མཁར་གྲོང་གི་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ107ལས་ཞུགས་བྱེད་དུ་བཅུག་སྟེ། ལས་འགན་ཁག་གི་དམིགས་འབེན་ཚང་མ“དུས་ཚོད་ཕྱེད་ཀ་ལས་བརྒལ་བ་དང་ལས་འགན་ཕྱེད་ཀ་ལས་བརྒལ་བ”མངོན་འགྱུར་བྱུང་ནས།  མཁར་གྲོང་གི་ཐོ་འགོད་ལས་ཀ་ཤོར་ཚད་བརྒྱ་ཆའི་གཅིག་གྲངས་ཆུང་བཞི་དྲུག་བར་ཚོད་འཛིན་བྱས་ཏེ། དམའ་ས་དང་བརྟན་བརླིང་གི་ཆུ་ཚད་རྒྱུན་མཐུད་ངང་རྒྱུན་འཁྱོངས་བྱས་ཡོད།

མཚོ་བྱང་ཁུལ་གྱིས“གཞི་གྲངས་ཆེན་མོ་དང་རྐང་པས་ཚད་འཇལ་བ”ཡི་ལས་ཞུགས་ཞབས་ཞུའི་ལས་དོན་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བ་དང་། ཚད་ལྡན་ཅན་གྱི་ཞང་དང་གྲོང་རྡལ་གྱི་སིལ་ལས་ས་ཚིགས་གསར་སྐྲུན་བྱས། ནོར་སྲིད་མ་དངུལ་སྒོར་འབུམ་བཞི་དང་ཁྲི་བརྒྱད་སྟོང་བཞི་དོན་འཁྱོལ་བྱས་ནས། རྒྱུན་རྣམ་ཅན་གྱི་སྲིད་འཛིན་སྡེ་བ214དང་སྡེ་ཁུལ28ཀྱི་ལས་ཞུགས་འབྲེལ་གཏུག་པའི་དཔུང་ཁག་གིས་འགན་འཁྲི་བརྟན་པོའི་ངང་སྒྲུབ་པར་འགན་སྲུང་བྱས་ཡོད།“ཕྱི་ཕྱོགས་སུ་སྤོ་སྒྱུར”དང“ཐག་ཉེ་སར་ལས་ཞུགས”ཀྱི་ཕྱོགས་གཉི་གར་ཤུགས་སྣོན་རྒྱུ་མཐའ་འཁྱོངས་བྱས་ནས།“དཔྱིད་རླུང་བྱ་སྤྱོད་དང་ལས་ཞུགས་རོགས་སྐྱོར་དུས་ཚིགས”སོགས་བྱེད་སྒོ་རབ་དང་རིམ་པ་ཏན་ཏིག་ངང་སྤེལ་ཏེ། དྲ་ཐོག་དང་ཡུལ་དངོས་མཉམ་འགུལ་དང་། ལས་གནས་ཁྱབ་སྤེལ་དང་ལས་ཞུགས་ཞབས་ཞུ་མཉམ་འདྲེས་ཀྱི་ལངས་གཟུགས་ཅན་གྱི་ལས་ཞུགས་ཞབས་ཞུའི་རྣམ་པ་བཏོད་དེ། བཀོལ་སྤྱོད་ལས་མི་དང་ཞི་བའི་ལས་འགན། ཞབས་ཞུ་སོགས་སྤུས་ལེགས་ལས་གནས་སྣ་ཚོགས6000ལྷག་ཁྱབ་སྒྲོག་བྱས་ནས། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གོ་རིམ་ལྡན་པའི་སྒོ་ནས་ཕྱི་ཕྱོགས་སུ་ལས་ཀ་བྱེད་པར་སྐུལ་སྤེལ་བཏང་།

རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལས་གནས་སུ་ཕྱིར་ལོག་བྱས་ནས་ལས་ཀ་བྱེད་པའི་གཙོ་གནད་དགོས་མཁོར་དམིགས་ཏེ། རང་འགུལ་ངང་རྟོག་ཞིབ་བྱས་ནས། ཞིང་པ་ཞོར་ལས་པ་ལས་གནས་སུ་ཕྱིར་ལོག་བྱེད་པའི་དུས་ཚོད་དང་ཞོར་ལས་བྱེད་ཡུལ། ཕྱིར་སྐྱོད་མི་གྲངས་སོགས་ཀྱི་གནས་ཚུལ་ཆ་འཕྲིན་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱས། སྐོར་ཁག་དང་སྐོར་ཐེངས་དགར་ནས“གནས་ནས་གནས་དང་གཅིག་འཐུས་རྣམ་པའི”གཅིག་སྡུད་སྐྱེལ་འདྲེན་ཞབས་ཞུ་སྤེལ་ཏེ། རིམ་རྩིས་བྱས་ན་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས55བོད་ལྗོངས་དང་ཀོང་ཏུང་སོགས་སུ་སོང་ནས། རྡོ་སྣུམ་རྩད་ཞིབ་སོགས་ལས་རིགས་སུ་ལས་ཞུགས་བརྟན་པོ་ཐུབ་པར་བྱས་ཡོད། “སྲིད་ཇུས་དང་། ལས་གནས། ཞབས་ཞུ་བཅས་སྐྱེལ་བའི”ལས་ཞུགས་བྱེད་སྒོ་གཏིང་ཟབ་སྤེལ་ནས། ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་ཁ་གསབ་བསྡུ་ལེན་སོགས་དམངས་ཕན་ཁེ་ལས་ལ་ཕན་པའི་སྲིད་ཇུས་དྲིལ་སྒྲོག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་།  མིག་སྔའི་བར་རིམ་རྩིས་བྱས་ན་ལས་ཞུགས་རིགས་སོ་སོའི་ཁ་གསབ་མ་དངུལ་སྒོར་བྱེ་བ་བདུན་དང་འབུམ་གསུམ་ཁྲི་བརྒྱད་སྟོང་གཅིག་བརྒྱད་བརྒྱ་ལྷག་སྤྲད་པ་དེས། གཟིགས་སྐྱོང་ཐོབ་པའི་མང་ཚོགས་དང་ཁེ་ལས་ཀྱི་མི་ཐེངས་ཁྲི་བཞི་དང་སྟོང་བདུན་ལྷག་ལ་སླེབས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།