རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པས་ཚེས24ཉིན་གྱི་སྔ་དྲོར་པེ་ཅིན་དུ་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་གྱི་ལས་དོན་སྒྲུབ་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུར་གྲོས་ཞིབ་བྱས་པ་མ་ཟད་ཆེད་དོན་འདྲི་རྩད་བྱས། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་གྲོས་ཚོགས་ལ་ཞུགས།
ཚོགས་ཞུགས་བློ་མཐུན10ཡིས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་འཕེལ་རིམ། དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་བ། མིག་སྔར་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་ཐད་གནས་པའི་གནད་དོན་དང་རྗེས་མའི་བྱེད་ཐབས། སྲིད་འཛིན་ཁྲིམས་བསྟར་ཚད་གཞིའི་ས་ཁོངས་བརྒལ་བའི་མཐུན་སྦྱོར་འབྲེལ་མཐུད་དང་། ས་གནས་ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་ཚད་ལྡན་དུ་གཏོང་བ། ས་གནས་ཀྱི་ཚོང་འགུགས་དངུལ་འདྲེན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། རྒྱལ་ཡོངས་གཅིག་གྱུར་གྱི་གློག་ཤུགས་ཁྲོམ་རའི་མ་ལག་འཐུས་ཚང་དུ་གཏོང་བ། སྟེགས་བུའི་དཔལ་འབྱོར་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུ་འགན་སྲུང་ལ་ཤུགས་སྣོན་པ་སོགས་ཀྱི་གནད་དོན་ལ་གཞིགས་ནས་འདྲི་རྩད་བྱས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་ལ་ཉན་པ་དང་དྲི་བར་ལན་བཏབ།
ཨུ་ཡོན་ཀྲང་གཞོན་པ་ཞའོ་ཅེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།